མངའ་རིས་གུར་གྱམ་དགོན་གྱི་གནས་ཤུལ་དུ་ལོ་1800སྔོན་གྱི་ཇ་ལོའི་ཤུལ་དངོས་རྙེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-15


 

  ཚན་རིག་པས་བདེན་དཔང་བྱས་པ་ལྟར་ན། ལོ་1800ཙམ་གྱི་སྔ་རོལ་དུ། འཛམ་གླིང་ན་སྙན་གྲགས་འབར་པའི་དར་གོས་ཚོང་ལམ་དེ་ཕལ་ཆེར་མཐོ་དབུས་མཐོ་སྒང་དང་སྦྲེལ་འདུག་ལ། འདི་ལས་མཚོ་འཕགས་ལ་སྨི་4500ཙམ་ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་ཇ་ལོ་སོགས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱས་ཡོད་པ་མཚོན།

  ཉེ་སྔོན་ཀྲུང་གོའི་ཚན་རིག་ཁང་ས་གཤིས་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚན་རིག་པས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྒར་རྫོང་གུར་གྱམ་དགོན་གྱི་གནས་ཤུལ་ནས་ལོ་ངོ་1800སྔོན་གྱི་གནའ་བོའི་ཞང་ཞུང་དུས་ཀྱི་ཇ་ལོའི་སྙིགས་རོ་རྙེད་ཅིང་དེ་ལ་རྒྱུད་ཁུངས་གསལ་འབྱེད་བྱས་པ་བརྒྱུད། མིག་སྔར་སྙིགས་རོ་དེ་དག་ཇ་ལོའི་སྙིགས་རོ་ཡིན་པ་དངོས་སུ་གཏན་འཁེལ་བྱས།
  ཆེད་རམས་པས་ཇ་ལོའི་སྙིགས་རོ་གསར་རྙེད་བྱུང་བ་འདིས་ཐང་རྒྱལ་རབས་ཀྱི་སྔོན་ལ་མདོ་དབུས་མཐོ་སྒང་དུ་ཇ་ལོ་དར་ཁྱབ་བྱུང་ཡོད་པ་བདེན་དཔང་བྱས་པ་དང་འདི་ལས་ཇ་ལོ་བོད་དུ་ཡོད་པའི་ལོ་རྒྱུས་དེ་ལོ་ངོ་500ཡི་སྔོན་དུ་བསྣུར་བ་རེད་ཅེས་བསྟན།  ཉེ་ལམ། ཇ་ལོའི་སྙིགས་རོ་གསར་རྙེད་ཀྱི་ཞིབ་འཇུག་གྲུབ་འབྲས་འདི་དབྱིན་ཇིའི་དུས་དེབ་གྲགས་ཅན་《ཚན་རིག་སྙན་སྒྲོན།》ཞེས་པར་བཀོད་ནས་དྲ་ལམ་དུ་བཀྲམ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1