སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


2012ལོའི་ཟླ10ཚེས26ཉིན།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས»གཏན་ལ་ཕབ་པ་དང་།དེ་སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་བྱས།སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གྱ་ལྔ་ལོ་ནས་བཟུང་བཅའ་ཁྲིམས་དེ་འཛུགས་མགོ་བརྩམས་ནས་ད་ལྟའི་བར་དུ་ལོ་ཉེར་བདུན་འགོར་ཞིང་།རང་རྒྱལ་དུ་ཐོག་མར་སེམས་ཁམས་ལ་སྐྱོན་ཞུགས་ཡོད་པའི་ནད་པའི་ཁེ་དབང་ལ་འགན་སྲུང་བྱེད་པའི་བཅའ་ཁྲིམས་བཟོས་པ་དེས།སེམས་ཁམས་ལ་སྐྱོན་ཞུགས་ཡོད་པའི་ནད་པ་རྣམས་མི་ཚང་མས་དོ་སྣང་བྱ་ཡུལ་དུ་གྱུར་བར་མ་ཟད།ད་དུང་དེའི་སྐོར་གྱི་བཅའ་ཁྲིམས་དེ་ཀུན་གྱིས་དཔྱད་བསྡུར་བྱ་ཡུལ་དུ་གྱུར།དེ་བས་གཤམ་དུ་སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས་ལས་འབྲེལ་ཡོད་ནང་དོན་འགའ་ངོ་སྤྲོད་ཅིག་བྱེད་པར་བྱ།
སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པར་རྒྱུན་པར་མི་རྣམས་ཀྱི་སེམས་ནས་མཐོང་ཆུང་བྱེད་བཞིན་ཡོད།སྤྱིར་སེམས་ཁམས་ཀྱི་ནད་རིགས་ཡོད་ཚད་ལ་སེམས་ཁམས་ཀྱི་འགལ་རྐྱེན་ཡང་ཟེར་ལ།དེ་ནི་ནད་རིགས་གཞན་དང་འདྲ་བར་ངེས་པ་དོན་གྱི་ནད་རིགས་ཤིག་ཡིན་པས་དེ་ལ་མཐོང་ཆུང་བྱེད་མི་འོས།དེའི་མངོན་རྟགས་གཙོ་བོ་ནི་བསམ་བློ་དང་བརྩེ་དུང་།སྤྱོད་སྟངས་བཅས་ཀྱི་ཕྱོགས་སུ་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་བ་དེ་རེད།དེ་ལས་ཆེས་རྒྱུན་མཐོང་གི་སེམས་ནད་ལ་སྨྱོ་ནད་དང་དབང་རྩའི་ནད།བྱིས་པ་དང་ན་གཞོན་ལོ་ཆུང་གི་བྱ་སྤྱོད་ལ་འགལ་རྐྱེན་ཐེབས་པ་སོགས་མང་པོ་ཡོད་པ་རེད།
དང་པོ། སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་གཞི་རྩའི་ཁེ་དབང་།སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས་གྱི་དོན་ཚན་བཞི་བས་གཏན་འཁེལ་བྱས་དོན།སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་མི་གཤིས་ཀྱི་ལ་རྒྱ་དང་།མི་ལུས་དང་རྒྱུ་ནོར་བདེ་འཇགས་ཐད་གནོད་སྐྱེལ་མི་ཆོག
སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་སློབ་གསོ་དང་། ངལ་རྩོལ།སྨན་བཅོས་བཅས་དང་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་གནང་བའི་དངོས་རྫས་ཀྱི་རོགས་སྐྱོར་སོགས་ཕྱོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་དགོས།
འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱིས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་མིང་དང་།འདྲ་པར། སྡོད་གནས། ལས་ཁུངས།ནད་ཐོའི་རྒྱུ་ཆ་བཅས་གསང་རྒྱ་བྱས་ནས་ཕྱི་ལ་ཤོར་དུ་འཇུག་མི་རུང་ལ།འོན་ཀྱང་ཁྲིམས་ལྟར་འགན་ཁུར་ལག་བསྟར་བྱེད་སྐབས་མངོན་གསལ་སྒོས་སྒྲུབ་ན་ཆོག།
གཉིས་པ། ནད་པར་བརྩི་འཇོག་དང་བཟོད་སྒོམ། གཅེས་སྐྱོང་བཅས་བྱེད་དགོས།
སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་བས་གཏན་ཁེལ་བྱས་དོན།སྤྱི་ཚོགས་ཡོངས་ཀྱིས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པར་བརྩི་འཇོག་དང་བཟོད་སྒོམ།གཅེས་སྐྱོང་བཅས་བྱེད་དགོས།རྩ་འཛུགས་གང་རུང་ངམ་མི་སྒེར་སུ་ཞིག་གིས་ཀྱང་དེ་དག་ལ་མཐོང་ཆུང་དང་བརྙས་བཅོས།མནར་སྡུག་གཏོང་མི་ཆོག་པ་དང་།ཁྲིམས་དང་འགལ་ནས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་མི་ལུས་ཀྱི་དབང་ཆར་ཚོད་འཛིན་བྱེད་མི་ཆོགགསར་འགྱུར་གྱི་ནང་དང་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་སོགས་ཀྱི་ནང་དུ་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པར་མཐོང་ཆུང་དང་བརྙས་བཅོས་བྱེད་པའི་ནང་དོན་ཡོད་མི་ཆོག་པ་བཅས་བསྟན་ཡོད།
གསུམ་པ།ནད་པར་མནར་སྡུག་གཏོང་བ་དང་གསོ་འགན་མི་ཁུར་བ་བཅས་གཏན་ནས་བྱེད་མི་ཆོག
སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་ན་ཡུན་རིང་བས།ཁྱིམ་ཚང་ལ་ཁག་ཁུར་དང་དཀའ་ལས་ཆེན་པོ་བཟོ་བཞིན་ཡོད་ཕྱིན།དེ་དག་གིས་གཅར་རྡུང་ཡང་མི་ཉུང་བ་མྱོིང་སྲིད།དེ་བས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད།སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས་ལས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པར་གཅར་རྡུང་སོགས་དྲག་ཤུགས་བཀོལ་མི་ཆོག་པ་གཏན་འཁེལ་གསལ་བོར་བྱས་ཡོད་པར་མ་ཟད།ད་དུང་གཏན་འཁེལ་དེ་དང་འགལ་ཚེ། ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་བྱས་ཡོད།རང་གཅིག་པུས་འཚོ་བ་རོལ་མི་ཐུབ་པའི་ནད་པའི་ཁྱིམ་མིའམ་བདག་སྐྱོང་བྱེད་མིས་དེ་ལ་གཉོར་སྐྱོང་མ་བྱས་ན།བཅའ་ཁྲིམས་ཀྱི་འགན་ཁུར་དགོས།བཅའ་ཁྲིམས་དེ་ལས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པར་གཉོར་སྐྱོང་མ་བྱས་པར་ནད་པའི་མི་ལུས་དང་རྒྱུ་ནོར་གང་རུང་ལ་གནོད་པ་ཐེབས་ཚེ།ཁྲིམས་ལྟར་དམངས་དོན་སྐྱིན་ཚབ་ཀྱི་འགན་འཁྲི་དང་ཉེས་ཆད་གཅོད་པ།ཉེས་འགན་ཉེས་དོན་གྱི་འགན་འཁྲི་བཅས་འོས་འཚམས་སྒོས་ཁུར་དགོས་པ་གཏན་ལ་ཕབ་ཡོད།
བཞི་བ། ཁྱིམ་ཚང་གིས་སེམས་ཁམས་ལ་སྐྱོན་ཞུགས་པར་སྔོན་འགོག་དང་། གསོ་བཅོས།དྲག་བསྐྱེད་བཅས་འབྱུང་བའི་ཕྱོགས་སུ་འབད་པ་བྱེད་དགོས།
ལེའུ་གཉིས་པའི་དོན་ཚན་ཉེར་གཅིག་པ་ལས།ཁྱིམ་ཚང་འགྲིག་མཐུན་ཡོང་བ་དང་ཁྱིམ་མི་ཕན་ཚུན་བར་དུ་བརྩེ་འདང་ཡོད་པར་བྱས་ནས་སེམས་ཁམས་ལ་སྐྱོན་ཞུགས་པར་སྔོན་འགོག་བྱེད་དགོས་ཤིང་།རང་གི་ཁྱིམ་མིའི་སེམས་ཁམས་ལ་སྐྱོན་ཞུགས་ཡོད་པར་འདོད་ཚེ། དེ་མ་ཐག་སྨན་པར་སྟོན་པ་དང་།འཚོ་བའི་ཐད་ནས་ལྟ་སྐྱོང་དང་གཉོར་སྐྱོང་བྱེད་དགོས་པ་བཏོན་ཡོད་པར་མ་ཟད།སེམས་ཁམས་ལ་སྐྱོན་ཞུགས་པར་སྔོན་འགོག་དང་གསོ་བཅོས་བྱེད་པར་ངེས་པར་དུ་ནད་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ངོས་འཛིན།སྔ་མོ་ནས་གསོ་བཅོས་བཅས་བྱེད་དགོས་པ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བསྟན་ཡོད།
ལྔ་བ། སེམས་ཁམས་བློ་སྟོན་མི་སྣའི་ཆ་རྐྱེན།
ལེའུ་གཉིས་པའི་དོན་ཚན་ཉེར་གསུམ་པའི་ནང་།སེམས་ཁམས་བློ་སྟོན་མི་སྣས་རང་ཉིད་ཀྱི་ལས་སྒོའི་བྱང་ཚད་ཇེ་མཐོར་གཏོང་བ་དང་ལས་རིགས་ཚད་ལྡན་དུ་བཏང་ནས།སྤྱི་དམངས་རྣམས་ལ་ཆེད་ལས་ཅན་གྱི་སེམས་ཁམས་བློ་སྟོན་པའི་ཞབས་ཞུའི་ནུས་པ་གང་ལེགས་སྒོས་འདོན་དགོས།སེམས་ཁམས་བློ་སྟོན་མི་སྣས་ནད་པའི་སེམས་ཁམས་ལ་བློ་སྟོན་དང་མཛུབ་སྟོན་བྱེད་པ་མ་གཏོགས་ནད་པའི་སེམས་ཁམས་ལ་སྨན་བཅོས་བྱེད་མི་ཆོགསེམས་ཁམས་བློ་སྟོན་མི་སྣས་ནད་པའི་སེམས་ཁམས་ལ་སྐྱོན་ཞུགས་ཡོད་པ་ཤེས་ཚེ།བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་སུ་སོང་ནས་སྨན་བཅོས་བྱེད་པར་སྐུལ་དགོས་ཤིང་སེམས་ཁམས་བློ་སྟོན་མི་སྣས་ནད་པའི་གནས་ཚུལ་མི་གཞན་ལ་ཤོར་དུ་མི་འཇུག་པར་གསང་དགོས་པ་བཅས་བསྟན་ཡོད།དོན་ཚན་ལྔ་གཅིག་པའི་ནང་གཏན་འཁེལ་བྱས་པའི་སེམས་ཁམས་གསོ་བཅོས་བྱ་འགུལ་དེ་སྨན་བཅོས་ལས་ཁུངས་ནས་སྤེལ་དགོས་ལ།སེམས་ཁམས་གསོ་བཅོས་ཀྱི་ལས་རིགས་གཉེར་བའི་མི་སྣས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་གཞིར་བརྟག་དཔྱད་བྱེད་མི་ཆོག་ཅིང་།སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པར་སྨན་ཡིག་འབྲི་བའམ་ཡང་ན་ཕྱི་ནད་ཚན་ཁག་ནས་སྨན་བཅོས་བྱེད་དུ་འཇུག་མི་རུང་།སེམས་ཁམས་གསོ་བཅོས་བྱེད་པའི་ཚད་ལྡན་ཅན་གྱི་ལག་རྩལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་སྡེ་ཁག་གིས་གཏན་ལ་ཕབ་པ་ཡིན།
དྲུག་པ།སུ་ཞིག་གིས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་གཞིར་བརྟག་དཔྱད་ངོས་འཛིན་བྱེད་ཆོག
སེམས་ཁམས་བདེ་ཐང་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་དགུ་བའི་ནང་སེམས་ནད་ཚན་ཁག་གི་ལས་རིགས་སྨན་པས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་གཞིར་བརྟག་དཔྱད་ངོས་འཛིན་བྱེད་ཆོག་པ་གཏན་འཁེལ་བྱས་ཡོད།དོན་ཚན་རེ་ལྔ་བའི་ནང་།ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་ལས་ཁུངས་ཀྱིས་གཏན་འཁེལ་ལྟར་སེམས་ནད་ཚན་ཁག་གམ་ཡང་ན་སེམས་ཁམས་གསོ་བཅོས་སྒོ་བསྟེན་སྨན་ཁང་བཙུགས་ནས།སེམས་ཁམས་ལ་སྐྱོན་ཞུགས་པར་སྔོན་འགོག་དང་ནད་དཔྱད།གསོ་བཅོས་བཅས་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས་པ་བསྟན་ཡོད།
བདུན་པ། སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས་ལྟར་ན།ནད་པ་གང་དག་སྨན་ཁང་དུ་ཞག་སྡོད་བྱེད་དགོས་སམ་ཞེ་ན།
ལེའུ་གསུམ་པའི་དོན་ཚན་སུམ་ཅུ་བའི་གཏན་འཁེལ་བྱས་དོན།སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པ་སྨན་ཁང་དུ་ཞག་སྡོད་བྱས་ནས་གསོ་བཅོས་བྱེད་པར་ནད་པ་རང་ཉིད་འཐད་པ་འབྱུང་དགོས།ནད་བརྟག་མཇུག་འབྲས་དང་ནད་བབ་ལ་ཚོད་དཔག་བྱས་པ་ལས་སེམས་ཁམས་ལ་སྐྱོན་ཞུགས་ཚད་ཅུང་ཚབས་ཆེ་བའམ་ཡང་ན་གཤམ་གྱི་ནད་རྟགས་འདི་དག་ཡོད་མཁན་རྣམས་ངེས་པར་དུ་སྨན་ཁང་དུ་ཞག་སྡོད་བྱེད་དུ་བཅུག་ནས་གསོ་བཅོས་བྱེད་དགོས།
1.རང་ལུས་ལ་གནོད་བསྐྱལ་བའི་བྱ་སྤྱོད་བྱུང་ཟིན་པའམ་ཡང་ན་རང་ལུས་ལ་གནོད་བསྐྱལ་བའི་ཉེན་ཁ་ཡོད་པ།
2.མི་གཞན་པའི་བདེ་འཇགས་ལ་གནོད་བསྐྱལ་ཟིན་པའམ་ཡང་ན་མི་གཞན་པའི་བདེ་འཇགས་ལ་གནོད་བསྐྱལ་བའི་ཉེན་ཁ་ཡོད་པ།
བརྒྱད་པ། སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས་ལྟར་ན།ནད་པ་སྨན་ཁང་ནས་ཕྱིར་འབུད་པར་གཏན་འཁེལ་གང་དག་ཡོད་དམ་ཞེ་ན།
ལེའུ་གསུམ་པའི་དོན་ཚན་ཞེ་བཞི་པ་ལས།རང་མོས་ལྟར་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་པའི་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པ་ནམ་ཞིག་སྨན་ཁང་ལས་ཕྱིར་འབུད་འདོད་ན།སྨན་ཁང་གིས་དེ་ལྟར་བྱེད་དུ་འཇུག་དགོས།
དགུ།སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པར་རང་ཁྱིམ་ནས་སྨན་བཅོས་དང་ལྟ་རྟོག་གཉོར་སྐྱོང་ཐོབ་ཆོག་གམ།
ལེའུ་བཞི་བའི་དོན་ཚན་ང་ལྔ་བའི་ནང་གཏན་འཁེལ་བྱས་དོན།སྨན་བཅོས་ལས་ཁུངས་ཀྱིས་སེམས་ཁམས་ལ་སྐྱོན་ཞུགས་ཚད་ཚབས་ཆེ་བའི་ནད་པར་ཁྱིམ་ནས་སྨན་བཅོས་བྱེད་པར་སྨན་རྫས་སྟེར་དགོས་པར་མ་ཟད།སྡོད་ཁུལ་སྨན་བཅོས་ལས་ཁུངས་ལ་སེམས་ཁམས་ལ་སྐྱོན་ཞུགས་པ་དྲག་བསྐྱེད་འབྱུང་བའི་སྐོར་གྱི་ལག་རྩལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་དགོས།སྡོད་ཁུལ་གྱི་སྨན་བཅོས་ལས་ཁུངས་དང་ཞང་དང་གྲོང་བརྡལ་གྱི་སྨན་ཁང་།སྡེ་བའི་སྨན་བཅོས་ཁང་བཅས་ཀྱིས་ཀྱང་སེམས་ཁམས་ལ་སྐྱོན་ཞུགས་ཚད་ཚབས་ཆེ་བའི་ནད་པ་དེ་དག་ལ་བདེ་ཐང་གི་ཡིག་ཚགས་བཙུགས་ནས།དུས་གཏན་འཁེལ་སྒོས་དེ་དག་གི་ཁྱིམ་དུ་སོང་ནས་ནད་ཀྱི་གནས་ཚུལ་འདྲི་བ་དང་།སྨན་འཐུང་ཚུལ་དང་དུས་རྒྱུན་གྱི་འཚོ་བའི་ཁྲོད་མཉམ་འཇོག་བྱེད་དགོས་ཚུལ་སྐོར་བཤད་དགོས་པར་མ་ཟད།ནད་པ་གཉོར་སྐྱོང་བྱེད་མཁན་གྱི་ཁྱིམ་མིར་སེམས་ཁམས་བདེ་ཐང་སྐོར་གྱི་ཤེས་བྱའམ་གཉོར་སྐྱོང་གི་ཤེས་བྱ་སོགས་ཁྲིད་དགོས།རྫོང་རིམ་པའི་སྨན་བཅོས་སྲིད་འཛིན་ལས་ཁུངས་ཀྱིས་སྡོད་ཁུལ་གྱི་སྨན་བཅོས་ལས་ཁུངས་དང་ཞང་དང་གྲོང་བརྡལ་གྱི་སྨན་ཁང་།སྡེ་བའི་སྨན་བཅོས་ཁང་བཅས་ལ་གོང་གསལ་ལྟར་མཛུབ་སྟོན་དང་གསོ་སྦྱོང་བྱེད་དགོས།
བཅུ་བ། ལེའུ་ལྔ་བའི་འགན་སྲུང་བྱེད་ཐབས་ལ་བསྡོམས་པས་དོན་ཚན་བཅུ་གཉིས་ཡོད་ཅིང་།དེས་སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱེད་པར་འགན་སྲུང་བྱས་ཡོད།
འགན་སྲུང་བྱེད་ཐབས་དེས་རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གི་འགན་འཁྲི་དང་།གསོ་རིག་སློབ་གྲྭས་སེམས་ཁམས་གསོ་རིག་སྐོར་གྱི་སློབ་ཁྲིད་དང་ཞིབ་འཇུག་ཐད་ཤུགས་བསྣན་ནས།སེམས་ཁམས་བདེ་ཐང་བྱ་བའི་ཐད་ཉེ་བར་མཁོ་བའི་སེམས་ཁམས་གསོ་རིག་ཕྱོགས་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱས་ཏེ།སེམས་ཁམས་བདེ་ཐང་བྱ་བར་ཤེས་ལྡན་མི་སྣའི་འགན་སྲུང་འདོན་སྤྲོད་བྱེད་པ།སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་སྨན་ཡོན་སྟེར་བར་འགན་སྲུང་དང་སྨན་བཅོས་མི་སྣའི་མི་ལུས་བདེ་འཇགས་ཐད་ཀྱི་འགན་སྲུང་བཅས་གསལ་བོར་བཀོད་ཡོད།
བཅུ་གཅིག་པ། ལེའུ་དྲུག་པའི་བཅའ་ཁྲིམས་འགན་འཁྲི་ལ་བསྡོམས་པས་བཅུ་གཅིག་ཡོད་ཅིང་།དེས་རིམ་པ་སོ་སོའི་སྲིད་གཞུང་ལས་ཁུངས་དང་སྨན་བཅོས་ལས་ཁུངས། སྨན་བཅོས་མི་སྣ།ཁྱིམ་མི་བཅས་ཀྱིས་ངེས་པར་བརྩི་སྲུང་བྱེད་དགོས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འཁེལ་བྱས་ཡོད་པར་མ་ཟད།ད་དུང་སེམས་ཁམས་བློ་སྟོན་པས་སེམས་ཁམས་ལ་གསོ་བཅོས་བྱེད་པའམ་ཡང་ན་སེམས་ཁམས་ལ་སྐྱོན་ཞུགས་པར་བརྟག་དཔྱད་དང་གསོ་བཅོས་བྱེད་པའི་བྱ་བ་གཉེར་མི་ཆོག་པ་གསལ་བོར་བསྟན་ཡོད།ལེའུ་དྲུག་པའི་དོན་ཚན་དོན་བརྒྱད་པས་གཏན་འཁེལ་བྱས་དོན།བཅའ་ཁྲིམས་འདིའི་གཏན་འཁེལ་དང་འགལ་ཏེ་གཤམ་གྱི་གནས་ཚུལ་སྐོར་བྱུང་ནས།སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའམ་ཡང་ན་མི་གཞན་པའི་མི་ལུས་དང་རྒྱུ་ནོར་སོགས་ལ་གནོད་བསྐྱལ་ན།ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་ཁུར་དགོས།
1.སེམས་ཁམས་ལ་སྐྱོན་ཞུགས་མེད་པའི་མི་བསམ་བཞིན་དུ་སེམས་ཁམས་ལ་སྐྱོན་ཡོད་པར་བརྩིས་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ།
2.སེམས་ཁམས་ལ་སྐྱོན་ཞུགས་ཡོད་པའི་ནད་པའི་གཉོར་སྐྱོང་བྱེད་མིས་ཐད་ཀར་དུ་གཉོར་སྐྱོང་མི་བྱེད་པའམ་ཡང་ན་གཉོར་སྐྱོང་གི་འགན་མི་ཁུར་བའི་གནས་ཚུལ་གཞན་གནས་པ།
3.སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པར་མཐོང་ཆུང་དང་དམའ་འབེབས།མནར་གཅོད་བཅས་བཏང་ནས་ནད་པའི་མི་གཤིས་ཀྱི་ལ་རྒྱ་དང་།མི་ལུས་ཀྱི་བདེ་འཇགས་བཅས་ལ་གནོད་བསྐྱལ་བ།
4.ཁྲིམས་དང་འགལ་ནས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་རང་དབང་ལ་ཚོད་འཛིན་བྱེད་པ།
5.དེ་ལས་གཞན་པའི་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་བསྐྱལ་བའི་གནས་ཚུལ་ཡོད་པ།
བཅུ་གཉིས། ལེའུ་བདུན་པའི་ཞར་བྱུང་དོན་ཚན་ལས།སེམས་ཁམས་བདེ་ཐང་སྐོར་གྱི་བཅའ་ཁྲིམས་ནང་བཤད་པའི་སེམས་ཁམས་ལ་སྐྱོན་ཞུགས་པ་ཞེས་པ་དེ་ནི།རྒྱུ་དང་རྐྱེན་སྣ་ཚོགས་ལ་རྐྱེན་བྱས་ཏེ་ཤེས་ཚོར་དང་བརྩེ་དུང་།བསམ་བློ་སོགས་ལ་ཕོག་ཐུག་ཐེབས་ནས་རྒྱུན་ལྡན་མིན་པར་གྱུར་བ་ལས།ནད་པའི་སེམས་ཁམས་ལ་སྐྱོ་གདུང་ཚད་མེད་སྐྱེས་པའམ་ཡང་ན་སྤྱི་ཚོགས་དང་བསྟུན་པའི་ནུས་པར་གནོད་སྐྱོན་ཐེབས་པ་ལ་ཟེར།བཅའ་ཁྲིམས་ནང་བཤད་པའི་སེམས་ཁམས་ལ་སྐྱོན་ཚབས་ཆེན་ཐེབས་པ་ཞེས་པ་ནི།ནད་རྟགས་ཤིན་ཏུ་ལྕི་བས་ནད་པའི་སྤྱི་ཚོགས་དང་བསྟུན་པའི་བྱེད་ནུས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་ལས།རང་ལུས་བདེ་ཐང་གི་གནས་ཚུལ་ལམ་དངོས་ཡོད་ཀྱི་གནས་ཚུལ་ལ་ངོས་གསལ་བོར་མི་ཟིན་པའམ།ཡང་ན་རང་དོན་ཐག་གཅོད་མི་ཐུབ་པའི་ནད་པར་གོ་དགོས་པ་དང་།བཅའ་ཁྲིམས་ལས་སེམས་ཁམས་ལ་སྐྱོན་ཞུགས་པའི་ནད་པའི་གཉོར་སྐྱོང་བྱེད་མི་ཞེས་པ་ནི།དམངས་ཁྲིམས་སྒྲིག་སྲོལ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་གཉོར་སྐྱོང་བྱེད་མི་ལ་གོ་དགོས་པ་བཅས་གཏན་ལ་ཕབ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1