བོད་རང་སྐྱོང་ལྗོངས་ཀྱིས་2016ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-07


            2016ལོའི་ལུགས་རྙིང་གི་སྤྲེལ་ལོའི་དཔྱིད་གསར་དུས་ཆེན་དང་བོད་མེ་སྤྲེལ་ལོ་གསར་འཆར་ཉེར་ཡོད་པའི་སྐབས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་2016ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་དེ་ལྷ་སར་འཚོགས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་ཉེན་བཅས་ཀྱི་འགོ་ཁྲིད་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་མཉམ་འཛོམས་ཐོག་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བསུས་གནང་བ་རེད།

            བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཨང་དང་པོ་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བོད་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་བཅས་ཚོགས་འདུར་ཕེབས་ཡོད།

            རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་ཞུས་ཡུང་རྣམ་གཉིས་ཀྱིས་ཤིས་ཚིག་གསུངས་པ། རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

            བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་ནང་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་།  ལྗོངས་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། མི་རིགས་ཁག་གི་ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་དང་སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་པ་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ། བོད་ཀྱི་གསར་བརྗེ་དང་བྱ་གཞག་འཛུགས་སྐྲུན་ཐད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་མཁན་གྱི་དཔའ་བོ་དཔེ་བཟང་དང་། ངལ་རྩོལ་དཔེ་བཟང། སྔོན་གཤེགས་དཔའ་བོ་དང་དམག་མིའི་ཁྱིམ་མི། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་རྒན་གྲས། འགོ་ཁྲིད་རྒན་གྲས། བློ་མཐུན་རྒན་གྲས་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། གཞུང་ཁོངས་གཙོ་གནད་རྐང་འཛིན་ཁེ་ལས་ཀྱི་བོད་སྐྱོར་ལས་བྱེད་པ། བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ཡོངས་དང་། ཕྱིར་ལོག་བོད་མི། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་གྲོགས་པོ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ། དུས་ཆེན་རིང་ལས་གནས་བརྟན་སྲུང་དང་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་མཁན་གྱི་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་བཅས་རེད།

            ཞུས་ཡུང་གིས་བོད་སྡོད་དཔུང་སྡེའི་བཀོད་འདོམས་པ་དང་འཐབ་འཛིང་པ། དྲག་ཆས་ཉེན་རྟོག་དཔོན་དམག་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་ཚིག་གསུངས་པ་རེད།

            ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཕན་ཚུན་མཇལ་དར་བསྒྲོན་རེས་གནང་ནས་མཛའ་གཅུགས་ལྷུག་གླེང་དང་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་རེས་གནང་ཡོད། རིག་རྩལ་ལས་དོན་པས་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1