ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


 1990ལོའི་ཟླ6པའི་ཚེས28ཉིན་སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བའི་སྟེང་གྲོས་འཆམ་བྱུང་།
དོན་ཚན་དང་པོ། རྒྱལ་དར་གྱི་གཟི་རྔམ་སྲུང་སྐྱོང་དང་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།  རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་ཆེད།  རྩ་ཁྲིམས་གཞིར་བཟུང་སྟེ་བཅའ་ཁྲིམས་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པས་ཁྱབ་བསྒྲགས་བྱས་པའི་རྒྱལ་དར་བཟོ་ཐབས་ཀྱི་གསལ་བཤད་ལྟར་བཟོས་པ་ཡིན།
དོན་ཚན་གསུམ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པས།  སྤྱི་དམངས་དང་རྩ་འཛུགས་རེ་རེ་ཚང་མས་རྒྱལ་དར་ལ་བརྩི་བཀུར་དང་གཅེས་སྤྲས་བྱེད་དགོས།
དོན་ཚན་བཞི་བ།  ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ནང་དུ་རྒྱལ་དར་འགེལ་བ་དང་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་དགོས།  ཕྱི་འབྲེལ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་བཅས་ཀྱིས་རང་རང་གི་བདག་སྐྱོང་བྱེད་ཁོངས་ནང་དུ་རྒྱལ་དར་འགེལ་བ་དང་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་དགོས། རྒྱལ་དར་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ཁེ་ལས་ཀྱིས་བཟོ་དགོས།
དོན་ཚན་ལྔ་བ། གཤམ་གསལ་གྱི་གནས་ཡུལ་ལམ་ལས་ཁུངས་གནས་ས་རུ་ཉིན་རེར་རྒྱལ་དར་འགེལ་དགོས་ཏེ།
(གཅིག)པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་ཞིན་ཧྭ་སྒོ་མོ།
(གཉིས)རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།  ཆེས་མཐོའི་མི་དམངས་ཁྲིམས་ཁང་།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་།  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་།
(གསུམ)ཕྱི་འབྲེལ་པུའུ།
(བཞི)རྒྱལ་ཁོངས་ཕྱི་ནང་དུ་འགྲོ་འོང་བྱེད་སའི་གནམ་གྲུ་ཐང་དང་གྲུ་ཁ། མེ་འཁོར་འབབ་ཚུགས།མཐའ་མཚམས་ཀྱི་འགག་སྒོ་གཞན་པ།   མཐའ་སྲུང་མཚོ་སྲུང་གི་སོ་ལྟ་ཁང་།
དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  མི་དམངས་སྲིད་གཞུང་།   མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་།  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ས་གནས་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བྱ་བ་སྒྲུབ་ཉིན་རྒྱལ་དར་འགེལ་དགོས། ཉིན་ཧྲིལ་བོ་ལམ་ལུགས་ཀྱི་སློས་གྲྭས་དགུན་གནང་དབྱར་གནང་སྐབས་དང་གཟའ་ཉི་མའི་ཉིན་ལས་གཞན་ཉིན་རེར་རྒྱལ་དར་འགེལ་དགོས།
དོན་ཚན་བདུན་པ། རྒྱལ་སྟོན་དུས་ཆེན་དང་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན།  ལུགས་གསར་རྙིང་གི་ལོ་སར་བཅས་ཀྱི་སྐབས་སུ་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པ་སོ་སོས་རྒྱལ་དར་འགེལ་དགོས།ཁེ་དོན་ལས་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་།  གཞི་པ་ཨུ་ཡོན་ལྷན་ཁང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་པའི་ལྷས་ར(ཐོག་ཁང)།  དེ་མིན་ཐང་ཆེན་དང་སྤྱི་གླིང་སོགས་སྤྱི་པའི་བྱ་འགུལ་སྤེལ་ཡུལ་ཆ་རྐྱེན་ལྡན་པ་རྣམས་ཀྱིས་རྒྱལ་དར་བཀལ་ཆོག ལུགས་རྙིང་གི་ལོ་སར་དེ་སྲོལ་རྒྱུན་གྱི་དུས་ཆེན་དུ་མི་བརྩི་བའི་གྲངས་ཉུང་མི་རིགས་ས་ཁུལ་གྱིས་ལུགས་རྙིང་གི་ལོ་སར་སྐབས་སུ་རྒྱལ་དར་འགེལ་མིན་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གཏན་ཁེལ་བྱེད་དགོས། མི་རིགས་རང་སྐྱོང་ས་གནས་ཀྱིས་མི་རིགས་རང་སྐྱོང་ས་གནས་བཙུགས་པའི་དྲན་གསོའི་ཉིན་མོ་དང་སྲོལ་རྒྱུན་གྱི་མི་རིགས་དུས་སྟོན་གལ་ཆེན་སྐབས་སུ་རྒྱལ་དར་བཀལ་ཆོག
དོན་ཚན་བརྒྱད་པ།  རྟེན་འབྲེལ་དང་དྲན་གསོ་ཞུ་བའི་བྱ་འགུལ་ཆེན་པོ་དང་།  རིག་གནས་དང་ལུས་རྩལ་བྱ་འགུལ་ཆེན་པོ།  འགྲེམ་སྟོན་ཚོགས་འདུ་ཆེན་པོ་སྤེལ་བའི་སྐབས་སུ་རྒྱལ་དར་བཀལ་ཆོག
དོན་ཚན་དགུ་བ། ཕྱི་འབྲེལ་བྱ་འགུལ་སྤེལ་སྐབས་དང་ཕྱི་རྒྱལ་དུ་སྡོད་པའི་རྒྱལ་ཁབ་ཀྱི་གཞུང་ཚབ་ལས་ཁུངས་དང་གཞུང་ཚབ་དོན་གཅོད་ཁང་།  ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་གཞན་པ་བཅས་ཀྱིས་རྒྱལ་དར་འགེལ་བ་དང་བཀོལ་སྤྱོད་བྱེད་ཐབས་དེ་ཕྱི་འབྲེལ་པུའུ་ཡིས་གཏན་ཁེལ་བྱེད་དགོས།
དོན་ཚན་བཅུ་བ།  དམག་དོན་ལས་ཁུངས་དང་དམག་སྒེར།  དམག་སྤྱོད་གྲུ་གཟིངས་བཅས་ཀྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་ཕབ་ལྟར་རྒྱལ་དར་འགེལ་དགོས།
དོན་ཚན་བཅུ་གཅིག་པ། དམངས་སྤྱོད་གྲུ་གཟིངས་དང་ཀྲུང་གོའི་མངའ་ཁོངས་ཀྱི་རྒྱ་མཚོའི་སྟེང་སྐྱོད་པའི་ཕྱི་རྒྱལ་གྱི་གྲུ་གཟིངས་ཐོག་རྒྱལ་དར་འགེལ་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱེད་དགོས། སྤྱི་བདེ་སྡེ་ཁག་གི་མཐའ་སྲུང་དང་བདེ་སྐྱོང་།  མེ་གསོད་ལས་འགན་སྒྲུབ་པའི་གྲུ་གཟིངས་སྟེང་རྒྱལ་དར་འགེལ་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱེད་དགོས།
དོན་ཚན་བཅུ་གཉིས་པ།  བཅའ་ཁྲིམས་འདིའི་དོན་ཚན་ལྔ་བ་དང་དྲུག་པ།  བདུན་པའི་གཏན་ཕབ་ལྟར་རྒྱལ་དར་འགེལ་བ་ལ།  ཞོགས་པར་ཡར་བསྒྲེངས་པ་དང་ས་སྲིབ་མར་ཕབ་དགོས། བཅའ་ཁྲིམས་འདིའི་གཏན་ཕབ་ལྟར་རྒྱལ་དར་འགེལ་དགོས་ཀྱང་གནམ་གཤིས་ཤིན་ཏུ་ངན་པར་འཕྲད་སྐབས་མ་བཀལ་ནའང་ཆོག
དོན་ཚན་བཅུ་གསུམ་པ།  རྒྱལ་དར་འགེལ་སྐབས་རྒྱལ་དར་འགེལ་བའི་མཛད་སྒོ་བསྡུས་ཆོག རྒྱལ་དར་འགེལ་བའི་མཛད་སྒོ་བསྡུ་སྐབས།རྒྱལ་དར་ཡར་བསྒྲེངས་པའི་བརྒྱུད་རིམ་ཁྲོད་མཛད་སྒོའི་ཁྲོད་ཞུགས་མཁན་རྣམས་ཀྱིས་རྒྱལ་དར་ལ་ཁ་གཏད་དེ་གུས་སྟབས་ཀྱིས་ལངས་ཏེ་གུས་ཕྱག་འབུལ་དགོས་པ་མ་ཟད།  རྒྱལ་གླུ་དཀྲོལ་བའམ་རྒྱལ་གླུ་མཉམ་ལེན་བྱས་ཆོག ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་དབྱར་དགུན་གནང་སྐབས་ལས་གཞན། གཟའ་འཁོར་རེར་རྒྱལ་དར་འགེལ་བའི་མཛད་སྒོ་ཐེངས་གཅིག་བསྡུ་དགོས།
དོན་ཚན་བཅུ་བཞི་བ།  གཤམ་གསལ་གྱི་མི་སྣ་སྐུ་གཤེགས་རྗེས།རྒྱལ་དར་དེ་དར་ཤིང་ལས་ཕྱེད་ཀ་མར་ཕབ་ནས་མྱ་ངན་ཞུ་དགོས་ཏེ།(གཅིག)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།
(གཉིས)ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།
(གསུམ)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མཛད་རྗེས་ཕུལ་བྱུང་བཞག་པའི་མི་སྣ།
(བཞི)འཛམ་གླིང་ཕྱི་བདེའམ་འགྲོ་བ་མིའི་རིགས་འཕེལ་རྒྱས་ལས་དོན་ལ་མཛད་རྗེས་ཕུལ་བྱུང་བཞག་པའི་མི་སྣ། རྨས་སྐྱོན་ཤིན་ཏུ་ཚབས་ཆེན་བཟོས་པའི་ཆག་སྒོ་བྱུང་བའམ་རང་བྱུང་གནོད་སྐྱོན་ཚབས་ཆེན་གྱི་དབང་གིས་རྨས་སྐྱོན་ཆེན་པོ་བཟོས་སྐབས།  རྒྱལ་དར་དར་ཤིང་ལས་ཕྱེད་ཀ་མར་ཕབ་ནས་མྱ་ངན་ཞུ་ཆོག དོན་ཚན་འདིའི་ཚན་པ་དང་པོ(གསུམ)དང་(བཞི)དང་ཚན་པ་གཉིས་པའི་གཏན་ཕབ་
ལྟར་རྒྱལ་དར་དར་ཤིང་ལས་ཕྱེད་ཀ་མར་ཕབ་མིན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱེད་དགོས། དོན་ཚན་འདིའི་གཏན་ཕབ་ལྟར་རྒྱལ་དར་དར་ཤིང་ལས་ཕྱེད་ཀ་མར་ཕབ་པའི་ཟླ་ཚེས་དང་གནས་ཡུལ་དེ་རྒྱལ་ཁབ་ཀྱིས་བཙུགས་པའི་འདས་པོ་དུར་འཇུག་ལས་ཁུངས་སམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱེད་དགོས།
དོན་ཚན་བཅོ་ལྔ་བ། རྒྱལ་དར་འགེལ་སྐབས་དེ་མངོན་གསལ་གྱི་གནས་སུ་འགེལ་དགོས། གྲལ་དཔུང་གིས་རྒྱལ་དར་དང་དར་ཆ་གཞན་པ་བསྒྲེངས་ནས་མདུན་དུ་སྐྱོད་སྐབས།  རྒྱལ་དར་དེ་དར་ཆ་གཞན་པའི་མདུན་དུ་སྒྲེང་དགོས། རྒྱལ་དར་དང་དར་ཆ་གཞན་པ་མཉམ་དུ་འགེལ་སྐབས།  རྒྱལ་དར་དཀྱིལ་དབུས་ཀྱི་ཅུང་མཐོ་བའམ་མངོན་གསལ་གྱི་གནས་སུ་འགེལ་དགོས། ཕྱི་འབྲེལ་གྱི་བྱེད་སྒོ་སྤེལ་བའི་ཁྲོད་རྒྱལ་ཁབ་གཉིས་ཡན་གྱི་རྒྱལ་དར་དུས་མཉམ་དུ་འགེལ་དགོས་ཚེ།ཕྱི་འབྲེལ་པུའུ་ཡི་གཏན་ཕབ་བམ་རྒྱལ་སྤྱིའི་རྒྱུན་སྲོལ་ལྟར་འགེལ་དགོས།
དོན་ཚན་བཅུ་དྲུག་པ།  དྲང་མོར་བཙུགས་པའི་དར་ཤིང་སྟེང་རྒྱལ་དར་ཡར་བསྒྲེངས་པ་དང་མར་ཕབ་སྐབས་དལ་མོའི་ངང་བསྒྲེངས་པའམ་མར་ཕབ་དགོས།  ཡར་བསྒྲེངས་སྐབས་རྒྱལ་དར་དར་ཤིང་གི་རྩེ་མོར་ཐོན་དགོས་པ་དང་།  མར་ཕབ་སྐབས་རྒྱལ་དར་སར་ལྷུང་དུ་འཇུག་མི་རུང་། རྒྱལ་དར་དར་ཤིང་ལས་ཕྱེད་ཀ་མར་ཕབ་སྐབས།  ཐོག་བར་རྒྱལ་དར་དར་ཤིང་གི་རྩེ་མོར་བསྒྲེངས་པ་དང་།  དེ་ནས་རྒྱལ་དར་གྱི་རྩེ་མོ་དང་དར་ཤིང་གི་རྩེ་མོ་བར་གྱི་བར་ཐག་དེ་དར་ཤིང་གི་རིང་ཚད་ཧྲིལ་བོའི་སུམ་ཆའི་གཅིག་ཡོད་སའི་གནས་སུ་མར་ཕབ་དགོས།  མར་ཕབ་སྐབས་ཐོག་མར་རྒྱལ་དར་དར་ཤིང་གི་རྩེ་མོའི་བར་དུ་བསྒྲེངས་རྗེས་ད་གཟོད་མར་ཕབ་དགོས།
དོན་ཚན་བཅུ་བདུན་པ།  རལ་བ་དང་བཙོག་པོར་བཟོས་པ།  ཁ་དོག་ཡལ་བའམ་ཚད་ལྡན་མིན་པའི་རྒྱལ་དར་འགེལ་མི་རུང་།
དོན་ཚན་བཅོ་བརྒྱད་པ།  རྒྱལ་དར་དང་དེའི་རི་མོ་བཀོལ་ནས་ཚོང་རྟགས་བྱེད་པ་དང་ཚོང་འཕྲིན་སྤེལ་མི་ཆོག་པ་དང་།  མི་སྒེར་གྱི་འདས་མཆོད་སྟེང་བཀོལ་མི་ཆོག
དོན་ཚན་བཅུ་དགུ་བ།  མི་ཚོགས་འདུ་ས་རུ་བསམ་བཞིན་དུ་སྲེག་པ་དང་བརླག་པ།  ནག་ནོག་བྱུགས་པ།  བཙོག་པོར་བཟོ་བ།  རྡོག་བརྫིས་རྒྱག་པ་སོགས་བྱེད་སྟངས་སྤྱད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ལ་དམའ་འབེབས་བྱེད་པར་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་རྒྱུ།  གནས་ཚུལ་ཚབས་ཅུང་ཆུང་བར་བདེ་སྐྱོང་དོ་དམ་ཆད་གཅོད་སྲོལ་ཡིག་གི་ཆད་གཅོད་གཏན་ཕབ་ལྟར།སྤྱི་བདེ་ལས་ཁུངས་ཀྱིས་ཉིན་བཅོ་ལྔའི་མན་གྱི་བཀག་སྐྱིལ་བྱེད་རྒྱུ།
དོན་ཚན་ཉི་ཤུ་བ།  བཅའ་ཁྲིམས་འདི1990ལོའི་ཟླ10བའི་ཚེས1ཉིན་ནས་ལག་བསྟར་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1