༄༅།།ང་དང་ངའི་སློབ་གསོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


    བྱིས་པ་ཆུང་དུས་ཀྱི་དགེ་རྒན་ཐོག་མར་ནི་དྲིན་ཆེན་གྱི་ཕ་མ་ཡིན་ལ། རིག་སྦྱོང་གི་སློབ་ཁང་དང་པོ་ཡང་རང་ཉིད་འཚར་ལོངས་འབྱུང་སའི་ཁྱིམ་གཞི་ཡིན་ཅིང་། གོམ་པ་སྤོ་ཤེས་པའི་ཚུན་ནི་མི་ཚེ་ལམ་བུར་བསྐྱོད་པའི་སྟངས་སྟབས་ཀྱི་མགོ་མ་ཡིན་ངེས་པས། སྐད་ཆ་བཤད་ཤེས་པའི་ཚུ་རོལ་ཐམས་ཅད་ཀྱང་འཇིག་རྟེན་འདི་ནས་བདེན་དོན་ཞིག་ཆེད་དུ་གནས་ལུགས་ཤིག་བཤད་འདོད་པས་ཡིན། སློབ་གསོ་ནི་མིའི་རིགས་ཀྱི་བསམ་དངོས་ཟུང་གི་ལོངས་སྤྱོད་དང་། བདེ་སྐྱིད་ཀྱི་ལོ་རྒྱུས་སྐྲུན་པའི་མཐུན་རྐྱེན། འཇིག་རྟེན་གྱི་རྨོངས་མུན་སེལ་བའི་མེ་དཔུང་། གནམ་འོག་གི་འགྲན་ཟླ་བྲལ་པའི་ལས་རིགས་ཤིག་ཡིན་པས་ན། ངས་རང་ཉིད་ཤོང་བའི་རང་གི་གནས་འདི་ནས། མི་ཞིག་སྐྱོང་བའི་ཐོག་མའི་མཐུན་རྐྱེན་ནི་སྤྲོ་སྣང་སྐྱེད་སྲིང་དང་རྗེས་སུ་རང་ལ་ཁྱད་འཕགས་ཀྱི་ཡོན་ཏན་དང་དེའི་འཕྲོར་ཐུན་མིན་གྱི་གཅེས་སེམས། དེའི་རྗེས་བློ་འགོངས་ཀྱི་ཁྲིད་ཐབས་གཞི་ནས་འཛོམས་དགོས་སྙམ།

    རྒྱུ་མཚན་དེའི་དབང་གིས་རང་ཉིད་ནས་བྱ་བ་ཆུང་ངུ་ནས། དུས་དེ་ཉིད་ནས་སློབ་ཁང་དང་རང་ཁྱིམ་དང་སློབ་མ་དང་བུ་ཕྲུག ཟུང་བཀུར་ཟུང་གཅེས་ཀྱི་འདུ་ཤེས་བཟུང་སྟེ། སློབ་ཕྲུག་ཚོར་སྐད་ཆ་བཤད་ཤེས་པ་ནས་ཕུང་གསུམ་མི་བཤད་པ། སློབ་ཁྲིད་ལ་ལུས་ཉན་ལས་སེམས་ཉན་གཙོ་བོར་འཛིན་པ། སློབ་ཁང་གི་ཚན་སྐོར་ནས་ཞན་པར་རོགས་ཁྲིད་བྱེད་པར་སྐུལ་བ། ལས་བྱ་རང་འབྲི་ནས་དུས་འབྲི་དུས་སྤྲོད་བྱེད་པ། ལས་བྱ་རང་བཅོས་ནས་སྐོར་བཅོས་བྱེད་པ། གཙོ་གནད་སེམས་འཛིན་ནས་དོགས་གནད་གྲོགས་འདྲི། དཀའ་གནད་རྒན་འདྲི་ནས་ཤེས་བྱ་རྩལ་ནུས་སྤྱོད་པ། དབྱར་གྱི་ཆུའི་ཉེན་ནས་བདེ་འཇགས་གནད་དུ་བརྩི་བ། དགོས་མེད་དྲ་ཁང་ཤེས་བྱ་ནས་བདེ་ཐང་སེམས་ཁམས་ཀྱི་ལས་ལ་གཞོལ་བ། ཕོ་མོའི་འཆལ་སྤྱོད་ཀྱི་གཤིས་ཀ་ནས་ཡ་རབས་ཚུལ་མཐུན་གྱི་དགེ་ལ་འཁྲེང་བ། དུ་ཆང་ལོངས་སུ་སྤྱོད་པ་ནས་རིག་པའི་གནས་ལ་འབད་པ། ལེ་ལོ་རྣམ་གཡེང་ནས་བརྩོན་པ་དང་དུ་ལེན་པ། ཡིག་གཟུགས་སྦྱོང་སྟངས་ནས་གཟབ་གཤར་གཉིས་ཀར་གོམས་པ། སྒྱུ་རྩལ་ཕྱོགས་སྟངས་ནས་ཁྱད་ཆོས་དམིགས་སུ་གཉེར་བ། རང་འགུལ་གྱིས་སློབ་སྦྱོང་ནས་འབྲས་བུ་འབུར་དུ་ཐོན་པ། འགྲན་རྩོད་ཀྱི་བྱ་འགུལ་ནས་གསེར་གྱི་རྟགས་མར་བརྩོན་པ། གཟའ་སྤེན་གྱི་དགོང་མོར་དཔྱད་གླེང་གི་སྒོ་གླེགས་རྡུང་བ་ནས་གཟའ་ཉི་མར་དཔེ་ཆ་གཞན་ཀློག་པ། ཁྱིམ་བདག་གི་ཚོགས་འདུ་ཡང་དགེ་སློབ་དང་ཁྱིམ་བདག་སུམ་འཛོམས་བྱེད་པ། ངལ་གསོ་བའི་ཁོམ་པ་ཡང་འོས་འཚམ་རེ་སྟེར་བ། ཟླ་རེའི་དབྱར་དགུན་གྱི་གསབ་སྦྱོང་ནས་འཕེལ་རྒྱས་ཀྱི་བང་ཁ་མྱུར་བ། སྲོལ་རྒྱུན་གྱི་རིག་གནས་ནས་རིག་གནས་གསར་བ་ནང་འདྲེན་ལ་ཕྱོགས་པ། འབྲེལ་འདྲིས་ཀྱི་སྙིང་སྟོབས་ནས་བློ་སྤོབས་ཀྱི་ནུས་མཐུ་གཅེས་སུ་འཛིན་པ། ཞོར་དུ་མི་ཞིག་གི་ཆེས་ཆེ་བའི་བདེ་སྐྱིད་ནི་སྟོབས་ལྡན་གྱི་ཕུང་བོ་ཡིན་པའང་ཞོར་དུ་འབད་པས་གཉེར་ཞིང་། སྒོས་སུ་དམིགས་ཡུལ་ནས་འཆར་གཞི་དང་དེ་ནས་འབྲས་བུ་ལྡན་པའི་དུས་རབས་གསར་བའི་འཇོན་ཐང་ལྡན་པའི་མི་སྣའི་ཕྱོགས་ལ་ཉིན་འབད་ཞག་འབད་བྱས་ཀྱང་མྱོང་ལ། ད་དུང་མུ་མཐུད་དུ་བྱེད་འདོད་ཀྱང་ཡོད་དོ།།

    བསམས་བསམས་ན། གཞུང་ལུགས་ཐམས་ཅད་ཉམས་མྱོང་ལས་བྱུང་ཞིང་། ཉམས་མྱོང་དེ་ཡང་ལག་ལེན་ཁོ་ནས་ར་སྤྲོད་བྱས་པ་ཡིན་ཕྱིན། མཐོ་གང་གི་སྟེགས་བུར་འགྲེང་ཐེངས་རེ་དང་བློ་ཞིབ་མོས་ལས་བྱར་ལྟ་ཐེངས་རེ། དབྱེར་མེད་དུ་སློབ་མའི་རྗེས་སུ་འབྲངས་ཐེངས་རེ། དབང་མེད་དུ་དྲན་པའི་སློབ་གསོ་དང་བཤད་པའི་སློབ་གསོ། སྒྲུབ་པའི་སློབ་གསོ། འབྲས་བུའི་སློབ་གསོ། སྟོབས་འབྱོར་གྱི་སློབ་གསོ་བཅས་སོགས་ལ་རི་རབ་བཞིན་དཔངས་མཐོ་ཞིང་ས་གཞི་ལྟར་ཁོད་ཡངས་པ། རྒྱ་མཚོ་བཞིན་གཏིང་ཟབ་པའི་གནམ་སའི་བར་ཁྱད་ཆེ་ཨང་སྙམ་ནའང་། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་འགྲིབ་ནས་དར་རྒྱས། ཆད་ལྷག་ནས་འཐུས་ཚང་། རྗེས་ལུས་ནས་སྔོན་ཐོན་ཐམས་ཅད་ཕྱོགས་པ་གསུམ་གྱི་སློབ་གསོ་ཁོ་ནས་ད་གཟོད་མངོན་འགྱུར་ཐུབ་པ་དང་། ཕྱོགས་པ་གསུམ་གྱི་སློབ་གསོ་ཁོ་ནས་ད་གཟོད་ལེགས་འགྲུབ་འབྱུང་བ། ཕྱོགས་པ་གསུམ་གྱི་སློབ་གསོ་ཁོ་ནས་ད་གཟོད་ཟིན་ཐོ་འཇོག་པར་ཁག་ཐེག་གི་སྡོམ་ཚིག་བཞག་ཆོག་གོ།  
 2008ལོའི་《སྦྲང་ཆར།》དེབ་བཞི་བ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1