༄༅།། གསང་བར་རྗེན་དུ་འབུད་པའི་བསྟོད་དབྱངས་ཡིད་ཀྱི་མུན་སེལ།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 03-21


    ༄༅། །ཨོཾ་སྭ་སྟི་སིངྡྷཾ།   རྒྱལ་ཀུན་ཡེ་ཤེས་སྤྱི་འདུས་མཚན་དཔེའི་སྐུ།  །རིག་གསུམ་པདྨའི་རྣམ་འཕྲུལ་མཚོ་སྐྱེས་རྗེའི།  །ཐུགས་ཀྱི་ཐུ་བོ་དགྲ་ལྷའི་དཔུང་དང་བཅས།  །སྐྱེ་མཆོག་སེང་ཆེན་རྒྱལ་པོའི་ཤིས་པར་སྩོལ།  །གང་གི་ཐུགས་བསྐྱེད་ཀུན་གསལ་ཡངས་པོ་རུ།  །ཚད་མེད་ཐུགས་རྗེའི་ཆུ་འཛིན་རབ་འཁྲིགས་ཏེ།  །བསྟན་དགྲ་བྱད་མའི་ཚོགས་རྣམས་མངོན་སྤྱོད་ཀྱི།  །ཕྲིན་ལས་དྲག་པོའི་རྩལ་གྱིས་གཞོམས་པར་མཛད།  །རྫུལ་འཕྲུལ་ཐབས་དང་ཐུགས་རྗེའི་དབྱེར་མེད་ངང་།  །དཔའ་བོའི་འཁོར་གསུམ་སྐུ་ལ་ཡོངས་རྫོགས་པའི།  །ནག་ཕྱོགས་བདུད་སྡེ་དཔུང་བཅས་ཟིལ་གནོན་གྱི།  །དཔའ་ཐུལ་དགྲ་ལྷ་ཝེར་མའི་འཁོར་གྱིས་བསྐོར།  །གང་སྐུ་ཡེ་ཤེས་སྒྱུ་མའི་རྣམ་རོལ་ལས།  །ཐུགས་རྗེའི་སྤྱན་ཟུང་ཉི་ཟླའི་སྣང་བ་ཡིས། །མཁྱེན་བརྩེའི་འཛུམ་ཞལ་མཛེས་པའི་གཟི་མདངས་བཅས།  །མཚན་དཔེའི་ཡེ་ཤེས་ཕུང་པོ་ལྷམ་མེར་གསལ།  །ལྷོ་ཕྱོགས་འཛམ་གླིང་འཛིན་མའི་ཁྱོན་འདིར་ཡང་།  །འཇིགས་རུང་ཕྱོགས་ཀྱི་བདུད་བཞིའི་བཙེས་པ་ཡིས།  །མི་མཐུན་འགལ་རྐྱེན་ཉེ་འཚེ་ཀུན་ཞི་ནས།  །བདེ་ལེགས་ཕུན་ཚོགས་དབྱར་གྱི་མཚོ་ལྟར་རྒྱས།  །ཀུན་རྫོབ་སྒྱུ་མའི་གཟུགས་སྣང་ཇི་སྙེད་ཀུན།  །ཡེ་ནས་རང་བཞིན་དག་པ་རབ་འབྱམས་སུ།  །རྣམ་པར་སྣང་མཛད་དཀྱིལ་འཁོར་འཁོར་ལོ་རུ།  །སྐུ་དང་ཡེ་ཤེས་སྣང་བ་འབྱམས་སུ་ཀླས། །འཁོར་འདས་བདེ་སྡུག་ ཚོར་སྣང་མ་ལུས་ཀུན།  །དོན་ལ་སྐྱེ་མེད་རང་བཞིན་ཤེས་ནས་སུ།  །རིན་ཆེན་འབྱུང་ལྡན་རྒྱལ་བ་རྒྱ་མཚོའི་ཚོགས།  །རྣམ་དག་རང་སྣང་ཞིང་གི་བཀོད་པར་མཛེས།  །ཡུལ་སྣང་ཡིད་དཔྱོད་བརྟག་པའི་འདུ་ཤེས་ཀུན།  །གཅིག་འཕྲོར་གཅིག་གིས་རྩ་བ་ཆོད་ནས་སུ།  །ངེས་དོན་སྣང་བ་མཐའ་ཡས་ངོ་བོ་རུ།  །མངོན་སུམ་རིག་པར་བདེ་ཆེན་ཞིང་སྣང་འཆར།  །གཟུང་འཛིན་ལས་ཀྱི་སྣང་བའི་འདུ་བྱེད་ཀྱི།  །ཀུན་རྟོག་གཉེན་པོ་སྟོང་དང་རྟེན་འབྱུང་གིས།  །སྣང་བའི་ཆོས་ཀུན་དོན་ཡོད་གྲུབ་པའི་ཞིང་། །གདོད་ནས་དག་པའི་རང་བཞིན་རྫོགས་པར་གྱུར། །ཀུན་བྱེད་རྒྱལ་པོའི་རྣམ་ཤེས་མཚང་འདོན་ཏེ། །ཀུན་ཉོན་སྲིད་པའི་ས་བོན་དྲུང་འབྱིན་ནས། །རང་བྱུང་རིག་པའི་སྣང་བ་རང་རྩལ་གྱིས།  །བཅོམ་ལྡན་མི་སྐྱོད་རིགས་ཀྱི་བདག་པོ་གྱུར།  །མ་བཅོས་སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་ལས། །སྒྲིབ་བྲལ་མཁྱེན་བརྩེ་མེ་ལོང་ཡེ་ཤེས་སུ།  །ཆོས་ཀུན་མ་འདྲེས་སོར་རྟོག་ཡེ་ཤེས་ཀྱི། །སྣོད་བཅུད་དག་པར་མཉམ་ཉིད་ཡེ་ཤེས་འཆར།  །ཚོགས་གཉིས་ཡོངས་རྫོགས་བསོད་ནམས་དམ་པའི་སྐྱེས།  །སྐུ་གསུམ་ལྷུན་གྲུབ་མཚན་དཔེའི་དཔལ་འབར་བའི། །སྣང་སྲིད་ཡེ་ནས་དག་པའི་དཀྱིལ་འཁོར་དུ།  །བྱ་གྲུབ་ཡེ་ཤེས་དོན་གཉིས་ལྷུན་གྱིས་གྲུབ་།   །ཀུན་རྟོགས་མ་རིག་བློ་བུར་འཁྲུལ་པའི་གཟུགས།  །འབྱུང་པོ་གདོན་བགེགས་བདུད་ཀྱི་སྣང་བ་ཀུན།   །བག་ཆགས་སེམས་སུ་རྫུས་པ་ཤེས་ནས་སུ།   །སེམས་ཉིད་གདོད་ནས་སྐྱེ་མེད་དབྱིངས་སུ་ཞི།  །སྡུག་ཀུན་འཁོར་བའི་ཆོས་སུ་སྣང་བ་ཀུན།  །རང་སྣང་སྐུ་དང་ཡེ་ཤེས་དབྱེར་མེད་ཀྱི།  །དགྲ་ལྷའི་ཟོ་དོར་ཝེར་མའི་དཔུང་དང་བཅས། །སྣ་ཚོགས་སྤྲུལ་དང་མཚན་དཔེའི་གཟུགས་སྐུ་བཞེངས།  ། རབ་འབྱམས་རྒྱལ་བ་དགྱེས་པའི་ཐུགས་རྗེའི་གཟུགས།  །སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་གྱི།  །དཔའ་བོའིའཁོར་གསུམ་སྐུ་ལ་རྫོགས་གྱུར་ཏེ།  །སྤྲུལ་པས་འགྲོ་དོན་མཛད་ལ་གུས་ཕྱག་འཚལ།  །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1