སེར་ཤུལ་རྫོང་དུ་ཁ་བ་བབས་ཏེ་ཡུལ་ཤོག་དང་གྲོང་རྡལ་23ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཐེབས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 03-24


            སྤྱི་ཟླ་3པའི་ཚེས་22ཉིན་གྱི་དགོང་མོ་ནས་ཚེས་23ཉིན་གྱི་སྔ་དྲོའི་དུས་ཚོད་9བར་དུ།  གསེར་ཤུལ་རྫོང་དུ་གློ་བུར་དུ་གངས་ཆེན་བབས། ཁ་བའི་ཆ་སྙོམས་ཀྱི་མཐུག་ཚད་ལ་ལི་སྨི་15དང་ཆེས་ཟབ་སར་ལི་སྨི་30ལ་ཟིན་ཡོད། ཡུལ་ཤོག་དང་གྲོང་རྡལ་23ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཐེབས།

 

            གནོད་འཚེ་བྱུང་བ་ན་ས་གནས་དེ་གའི་སྲིད་གཞུང་གིས་དེ་མ་ཐག་ཏུ་མྱུར་སྐྱོབ་ལས་ཀའི་ཚན་ཆུང་ཡུལ་ཤོག་དང་གྲོང་རྡལ་སོ་སོར་གནོད་སྐྱོན་གནས་ཚུལ་ཞིབ་བཤེར་བྱེད་དུ་མངགས་ཏེ་བསྟུད་མར་ཁངས་འབབ་པ་ལས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གྱོང་གུད་ཐེབས་པར་སྔོན་འགོག་བྱས། ནུབ་རྒྱུད་ས་ཁུལ་གྱི་ཡུལ་ཤོག་བཞི་དང་གྲོང་རྡལ་གཅིག་གི་གནས་ཚུལ་ཚབས་ཆེ་སྟེ་ཆ་སྙོམས་ཀྱི་ཁ་བའི་ཟབ་ཚད་ལི་སྨི་20དང་ཆེས་ཟབ་སར་ལི་སྨི་30ལ་ཟིན། 

              གསེར་ཤུལ་རྫོང་སྲིད་གཞུང་གི་གཞུང་ལས་ཁང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཟླ་3པའི་ཟླ་མཇུག་ཏུ་ས་གནས་དེ་གར་མཚོན་ན་སྐྱ་ཟད་སྔོ་སྡུག་གི་དུས་སྐབས་ཡིན་པས་གལ་སྲིད་བསྟུད་མར་ཁ་བ་བབས་ཚེ་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ངེས། 

                མིག་སྔར་གསེར་ཤུལ་རྫོང་གིས་ལས་ཀའི་ཚན་ཆུང་མངགས་ཏེ་དུད་ཁྱིམ་སོ་སོའི་གནས་ཚུལ་ཞིབ་བཤེར་དང་མང་ཚོགས་རྩ་འཛུགས་བྱས་ཏེ་འགྲོ་ལམ་གཙང་ཕྱགས་དང་རྡོ་སོལ་དང་ཕྱུགས་རྩྭ་སོགས་ཁ་སྣོན་བྱས་ནས་ཁ་བའི་གནོད་འཚེ་ལ་སྔོན་འགོག་བྱེད་བཞིན་འདུག། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1