༄༅།།དཀར་པོ་ཆིག་ཐུབ།

དུང་དཀར་བློ་བཟང་ཕྲིན་ལས། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།དུང་དཀར་ཚིག་མཛོད། སྤེལ་དུས། 03-31


    ཕྱག་རྒྱ་ཆེན་པོ་བསྒོམ་ཚུལ་ལ་མདོ་སྔགས་གཉིས་ཡོད་པའི་ནང་གསེས་སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། བདེ་སྟོང་ཟུང་འཇུག་སྒོམ་པ་དེ་ལ་མིང་གཞན་དཀར་པོ་ཆིག་ཐུབ་ཅེས་བཀའ་བརྒྱུད་ཆོས་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱིས་བཞེད། ས་སྐྱ་པཎ་ཆེན་གྱིས་《སྡོམ་གསུམ་རབ་དབྱེ།》ལས། དཀར་པོ་ཆིག་ཐུབ་ནི་སྔོན་དུས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་རྒྱ་ནག་གི་ཧཱ་ཤང་མ་ཧཱ་ཡ་ནས་བོད་དུ་དར་སྤེལ་བཏང་བའི་ཅིག་ཅར་བའི་ཆོས་ལུགས་དེ་ཡིན་པ་དང་། དེང་སང་གི་བོད་ཕལ་ཆེ་བས་བསྒོམ་པའི་ཕྱག་རྒྱ་ཆེན་པོ་ཞེས་པ་དེ་ནི་ཧཱ་ཤང་གིས་བོད་དུ་སྤེལ་བའི་རྫོགས་ཆེན་གྱི་ལྟ་བ་དེ་ལ་ཕྱག་རྒྱ་ཆེན་པོ་ཞེས་མིང་བསྒྱུར་བ་མ་གཏོགས་དོན་ལ་ཧཱ་ཤང་གི་སྒོམ་སྲོལ་དེ་རང་ཡིན་ཞེས་དགག་པ་མཛད་འདུག་པས། གསང་སྔགས་སྔ་འགྱུར་བ་རྣམས་བཞེད་སྲོལ་རྫོགས་ཆེན་དང་བཀའ་བརྒྱུད་པའི་བརྒྱུད་འཛིན་རྣམས་ཀྱིས་བཞེད་པའི་ཕྱག་ཆེན་གྱི་སྒོམ་ཚུལ་བཅས་ཧཱ་ཤང་མ་ཧཱ་ཡ་ནའི་སྒོམ་ཚུལ་དང་མཐུན་པོ་ཡོད་མེད་ཞིབ་འཇུག་གཟབ་ནན་བྱ་དགོས་ངེས་ཡིན།།
                        《དུང་དཀར་ཚིག་མཛོད་ཆེན་མོ།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1