རྔ་བའི་བོད་ཡིག་སྨྱན་སྦྱོར་ཀུན་འདུས་དངོས་སུ་ཤར་གཏོང་བྱས།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།དྲ་བ་ལས་བཏུས། སྤེལ་དུས། 04-01


    ཟླ་3ཚེས་30ཉིན། རྔ་བའི་བོད་ཡིག་སྨྱན་སྦྱོར་ཀུན་འདུས་ཕྱོགས་ཡོངས་ནས་སྒོ་ཕྱེས་ལ། འདི་ནི་མིག་སྔར་བོད་ཡུལ་ལ་མཚོན་ན་ཆེས་སྟབས་བདེ་ཞིང་མགྱོགས་མྱུར་ལྡན་པའི་གསར་འགྱུར་བརྒྱུད་བསྒྲགས་ཀྱི་སྨྱན་སྦྱོར་ཀུན་འདུས་ཀྱི་སྟེགས་བུ་ཞིག་དང་། རང་ཁུལ་གྱི་བོད་ཡིག་གསར་འགྱུར་སྨྱན་སྦྱོར་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་སྔོན་བྱུང་མ་མྱོང་བའི་རྡོ་རིང་ཞིག་ཀྱང་ཡིན།

    རྔ་བའི་བོད་ཡིག་སྨྱན་སྦྱོར་ཀུན་འདུས་སུ་རྔ་བའི་བོད་ཡིག་གསར་འགྱུར་དང་རྔ་བའི་བོད་ཡིག་དྲ་བ། བོད་ཡིག་གློག་རྡུལ་ཚགས་པར། བོད་ཡིག་བོད་སྐད་ཁ་པར་གསར་འགྱུར། བོད་ཡིག་བོད་སྐད་ཁ་པར་གསར་འགྱུར་གྱི་དྲ་ངོས། བོད་ཡིག་སྐད་འཕྲིན་རྔ་སྒྲ། བོད་ཡིག་APPསོགས་སྟེགས་བུ་མང་ལ་ནང་དོན་ཕུན་སུམ་ཚོགས་པའི་ལེ་ཚན་མང་པོ་འདུས་ཡོད་ཅིང་། དཔེར་ན། བོད་ཡིག་བོད་སྐད་ཀྱི་ཁ་པར་གསར་འགྱུར་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་དུ་ཆེས་ཐོག་མར་གསར་གཏོད་བྱས་པའི་གྲངས་ཉུང་མི་རིགས་སྐད་ཀྱི་ཁ་པར་གསར་འགྱུར་ཡིན་ལ། རང་ཁུལ་གྱི་ཨ་མདོའི་ཁ་སྐད་གོ་བའི་རྫོང་དང་ཡུལ་ཚོ། བོད་བརྒྱུད་ནང་བསྟན་གྱི་དགོན་པ། གཞན་སྡེ་བ་རིམ་པ་ཡན་གྱི་ལས་བྱེད་པ་སོགས་མི་ཁྲི་ཉེར་གཅིག་ལྷག་ལ་མཁོ་འདོན་བྱེད་བཞིན་ཡོད་ལ། རང་ཁུལ་གྱི་ལས་རིགས་སོ་སོའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་པས། ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

    རྔ་བའི་ཁ་པར་གསར་འགྱུར། 2015ལོར་གསར་གཏོད་བྱས་པའི་རྔ་བའི་བོད་ཡིག་འཕྲིན་སྟེགས་རྔ་སྒྲ་དང་། ཉེ་ཆར་གསར་གཏོད་བྱས་པའི་རྔ་བའི་བོད་ཡིག་དྲ་བ། དེ་མིན་རྔ་བའི་བོད་ཡིག་APPསོགས་ཀྱིས་རང་ཁུལ་གྱི་བོད་ཡིག་སྨྱན་སྦྱོར་དེ་སྲོལ་རྒྱུན་གྱི་རྣམ་པ་ནས་སྨྱན་སྦྱོར་གསར་བའི་ལམ་དུ་བསྐྱོད་པའི་སྒོ་མོ་འབྱེད་པ་མ་ཟད། སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་བ་གཉིས་མཉམ་འདྲེས་ཀྱི་འཕེལ་རྒྱས་འགྲོ་བའི་གོམ་པ་དང་པོ་སྤོས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1