༄༅།། ཁྱོད་ཀྱི་སྨན་འཐུང་སྟངས་ནོར་ཡོད་དམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-11


  ན་ཚ་བྱུང་ན་སྨན་འཐུང་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་སྨན་འཐུང་བའི་དུས་ཚོད་ཆེས་ལེགས་ཤོས་བདམས་རྒྱུ་ནི་གནད་འགག་ཅིག་ཡིན། དེང་སྐབས་སྨན་རྫས་འདྲ་མིན་སྣ་ཚོགས་ཡོད་ཅིང་། དེའི་སྟེང་གི་གསལ་བཤད་ཡི་གེ་རྙོག་འཛིང་ཆེ་ཞིང་སྨན་པས་བཤད་པ་སྤྱི་བཤད་དམ་རགས་བསྡུས་ཡིན་པས། ང་ཚོར་མགོ་འཐོམ་དུ་འཇུག་སྲིད། དེ་བས་གཤམ་དུ་ཆེད་མཁས་སྨན་པས་སྨན་འཐུང་ཕྱོགས་ཐད་ནས་ངོ་སྤྲོད་བྱས་པར་ཉན་དང་དེ་ལས་ང་ཚོར་ཤེས་བྱ་མང་པོ་ཞིག་ཐོབ་སྲིད།
1.ཉིན་གཅིག་ལ་ཐེངས་གསུམ་ཞེས་པ་དེ་ཉིན་གཅིག་གི་ཟས་ཐུན་གསུམ་པོའི་རྗེས་སུ་འཐུང་དགོས་པ་མིན། 
  དེང་སྐབས་ཀྱི་སྨན་རྫས་མང་པོ་ཞིག་ཉིན་གཅིག་ལ་ཐེངས་གསུམ་ལ་འཐུང་དགོས་པ་རེད། སྟབས་བདེ་བའི་ཆེད་དུ་མི་ཚང་མས་ཟ་མའི་རྗེས་སུ་འཐུང་བཞིན་ཡོད། ཡིན་ནའང་དེ་ལྟར་འཐུང་ན་མི་འགྲིག སྨན་པས་སྨན་ཐོའི་སྟེང་དུ་ཉིན་གཅིག་ལ་ཐེངས་གསུམ་ཞེས་བྲིས་ཡོད་པ་དེ། ཉིན་ཞག་གཅིག་གི་དུས་ཚོད་ཉེར་བཞིའི་རིང་ལ་འཐུང་དགོས་ཏེ། དུས་ཚོད་བརྒྱད་རེའི་མཚམས་སུ་ཐེངས་རེ་བྱས་ནས་འཐུང་དགོས་པར་བསྟན་པ་ཡིན། གལ་ཏེ་ང་ཚོས་ཇ་ཐུན་གསུམ་པོའི་རྗེས་སུ་འཐུང་ན། ཉིན་དཀར་ལུས་སྟེང་གི་སྨན་རྫས་ཀྱི་གར་ཚད་མཐོ་ཞིང་དགོང་མོར་དམའ་བས། སྨན་བཅོས་བྱེད་པར་མི་ཕན་པར་མ་ཟད། ད་དུང་སྨན་དུག་ཇེ་མཐོར་གཏང་སྲིད།
  ཡང་དག་པའི་སྨན་བསྟེན་ཐབས་ནི་ཉིན་རེར་ཐེངས་གསུམ་ཡིན་ན། ཐེངས་དང་པོར་སྨན་འཐུང་བའི་རྗེས་ནས་དུས་ཚོད་བརྒྱད་རེའི་མཚམས་སུ་ཐེངས་རེ་འཐུང་དགོས། དེ་བཞིན་དུ་ཉིན་རེར་ཐེངས་གཉིས་བསྟེན་དགོས་པའི་སྨན་ཡིན་ན། དུས་ཚོད་བཅུ་གཉིས་རེའི་མཚམས་སུ་ཐེངས་རེ་འཐུང་བ། ཉིན་རེར་ཐེངས་གཅིག་བསྟེན་དགོས་པའི་སྨན་ཡིན་ཚེ། ཉིན་ཞག་གཅིག་རིང་གི་དུས་ཚོད་འོས་འཚམ་ཞིག་བདམས་ནས་ཉིན་རྒྱུན་དུས་ལྟར་འཐུང་དགོས།

2.ཟ་མའི་སྔོན་རྗེས་གང་ཞིག་ཏུ་སྨན་འཐུང་དགོས་པར་ཡང་དོ་སྣང་བྱ་དགོས། 
  ཟས་རིགས་ཀྱིས་སྨན་རྫས་ཁ་ཤས་ཤིག་གི་ནུས་པར་བཀག་འགོག་ཐེབས་སྲིད་པས། དུས་ཚོད་འོས་འཚམ་ཤིག་བདམས་ནས་འཐུང་ན་སྨན་རྫས་ཀྱི་ནུས་པ་ལེགས་པར་མ་ཟད། ཞོར་སྐྱོན་ཡང་ཇེ་ཆུང་དུ་གཏོང་ཐུབ།
  ཟ་མའི་སྔོན་དུ་བསྟེན་དགོས་པའི་སྨན་གྱི་རིགས། སྐྱུར་འགོག་སྨན་དང་ཟས་འཇུ་བྱེད་ཀྱི་སྨན་(吗丁林) འཁྲུ་གཅོད་སྨན། འབུ་འདེད་སྨན་བཅས་ཚང་མ་ཟ་མ་མ་ཟོས་གོང་གི་དུས་ཚོད་ཕྱེད་ཀའི་ནང་དུ་འཐུང་དགོས། ཨ་མོ་ཞི་ལེན་(阿莫西林)དང་ཙོ་ཡང་ཧྥོ་ཧྲ་ཞིན་(左氧氟沙星)ཨོ་མེ་ལ་ཙོ་(奥美拉唑)སོགས་སྐྱུར་འགོག་སྨན་རྫས་ཡོད་ཚད་ལ་ཟས་རིགས་ཀྱི་བཀག་འགོག་ཐེབས་སླ་བས། ཟ་མའི་སྔོན་དུ་འཐུང་དགོས།
  ཟ་མ་དང་འགྲོགས་ནས་བསྟེན་དགོས་པའི་སྨན་གྱི་རིགས། ཧྥུའུ་ཧྥང་ཞའོ་དཔའ་མའེ་(复方消化酶)དང་ཏེན་ཧྥུན་མའེ་(淀粉酶)སོགས་ཟས་འཇུ་བྱེད་ཀྱི་སྨན་རྫས་ལ་ལ་ཟ་མ་དང་འགྲོགས་ནས་འཐུང་ན་ཟས་འཇུ་བར་ཕན་ཞིང་ཁྲག་ཚིལ་སྙོམས་བྱེད་ཀྱི་སྨན་རྫས་དང་ཁྲག་མངར་མར་ཕབ་བྱེད་ཀྱི་སྨན་རྫས་མང་པོ་ཟས་དང་འགྲོགས་ནས་འཐུང་ན་ཞོར་སྐྱོན་ཇེ་ཉུང་དུ་གཏོང་ཐུབ།
  ཟ་མའི་རྗེས་སུ་འཐུང་དགོས་པའི་སྨན་གྱི་རིགས། ཧྥིན་པིས་ཏི་ (芬必得)དང་ཨ་སི་ཕི་ལེན་(阿司匹林)སོགས་ཕོ་བ་དང་རྒྱུ་ལམ་ལ་གནོད་པས། ཟ་མའི་རྗེས་སུ་མྱུར་དུ་འཐུང་དགོས།
3.སྨན་རྫས་མང་པོ་མཉམ་དུ་འཐུང་ཆོག་མིན་སྐོར་སྨན་པར་འདྲི་དགོས། 
  དལ་བའི་རང་བཞིན་གྱི་ནད་བྱུང་ཡོད་པའི་ནད་པས་སྨན་སྣ་མང་པོ་མཉམ་དུ་འཐུང་དགོས་དུས། སྨན་སྣ་གང་དག་མཉམ་དུ་འཐུང་ཆོག་མིན་སྐོར་སྨན་པར་དྲིས་ནས་ངེས་པར་དུ་སྨན་པས་ངག་བཀོད་ལྟར་འཐུང་དགོས།
4.རྒྱུན་སྤྱོད་སྨན་རྫས་བསྟེན་ཐབས་ཀྱི་དུས་ཚོད་ལེགས་པོ། 
  ཀལ་སྦྱོར་གྱི་རིགས་དགོང་ཟས་རྗེས་ཀྱི་དུས་ཚོད་གཉིས་ནང་དུ་འཐུང་ན་མིའི་ལུས་སྟེང་དུ་ཀལ་བསྡུ་ལེན་ལེགས་པོར་བྱེད་དགོས།
  ཁྲག་ཤེད་མར་ཕབ་པའི་སྨན་རྫས་ཀྱི་རིགས་ཞོགས་པའི་དུས་ཚོད་བདུན་ཙམ་གྱི་སྟེང་དུ་འཐུང་ན་བཟང་།
  ཁྲག་མངར་མར་ཕབ་བྱེད་ཀྱི་སྨན་རྫས་མང་པོ་ཞིག་ཟ་མ་མ་ཟོས་གོང་གི་དུས་ཚོད་ཕྱེད་ཀའི་ནང་འཐུང་དགོས།

  དབུགས་འཚང་གི་སྨན་དེ་དགོང་མོ་ཉལ་ཁའི་སྔོན་གྱི་དུས་ཚོད་ཕྱེད་ཀའི་ནང་འཐུང་དགོས།

                                        འབྲུག་མོས་བསྒྱུར། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1