༄༅།། བགད་ན་ཚེ་ཐག་བསྲིང་ཐུབ།

བདེ་འཚོས་བསྒྱུར རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-13


  འཇར་མན་གྱི་ལུས་ཁམས་རིག་པ་བ་ཞིག་གིས་རང་ལོ་92ཀྱི་སྐྱེས་སྐར་སྟེང་། མི་རྣམས་ལ་ཚེ་ཐག་རིང་བའི་མན་ངག་ཅིག་ངོ་སྤྲོད་བྱས་པ་ནི་ཐ་སྙད་གཅིག་སྟེ་དགོད་པ་ཞེས་པ་དེ་རེད། དགོད་པ་ནི་དམིགས་བསལ་གྱི་གཟུགས་གཞི་བདེ་འཇུག་ལུས་རྩལ་ཞིག་ཡིན་ཏེ། མི་རྣམས་བགད་པ་ན་ངོ་གདོང་ཉམས་འགྱུར་གྱི་ཤ་གནད་དང་བྲང་ཁོག་དང་གྲོད་ཁོག་གི་ཤ་གནད་དག་འགུལ་སྐྱོད་བྱེད་ཀྱིན་ཡོད་ལ།
  གད་མོ་ཆེན་པོ་དགོད་དུས་སུ་ཐ་ན་རྐང་ལག་བཞིའི་ཤ་གནད་ཀྱང་མཉམ་དུ་འགུལ་སྐྱོད་བྱེད་ཀྱིན་ཡོད་པས། མིའི་ཁྲག་རྒྱུན་འཁོར་རྒྱུག་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ལུས་ཧྲིལ་བོའི་རྙིང་འདོར་གསར་ལེན་ལ་སྐུལ་འདེད་བྱེད་ལ། དེར་མ་ཟད་མིའི་ལུས་ཁམས་ཀྱི་ནད་འགོག་ནུས་པའང་ཇེ་མཐོར་གཏོང་རོགས་བྱེད་ཐུབ་པ་རེད།
  ཉེ་ལམ། ཨ་རིའི་སྨན་པ་ཞིག་གིས་བསྟན་དོན། མི་རྣམས་དགོད་པ་ནི་གཞོགས་གཡས་ཀླད་སྐྱིས་ཚོད་འཛིན་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་དེ་ཡིས་མིའི་སེམས་ཁམས་ལའང་གཙོ་གཉེར་གྱི་ནུས་པ་འདོན་བཞིན་ཡོད་པས། དགོད་ཐེངས་རེར། མིའི་ལུས་སྟེང་གི་རྩོལ་ནུས་སྣ་མང་དང་སྐུལ་རྒྱུ་འབྱུང་བ་ལ་ངར་སློང་བྱེད་ཐུབ་པ་རེད། འཇར་པན་གྱི་སྨན་པ་ཞིག་གིས་དགོད་སྒྲ་ལ་བརྟེན་ནས་འབྲས་སྐྲན་གྱི་ནད་དང་ནད་རིགས་གཞན་དག་སྨན་བཅོས་བྱས་པ་སྟེ།
  ཁོས་དགོད་སྒྲ་དང་སྙན་འཇེབས་ཀྱི་ཁ་བརྡའི་རིགས་སྒྲ་ཕབ་ནས་ནད་པ་ལ་ཉན་དུ་འཇུག་པ་དང་། བར་མཚམས་སུ་ང་རང་གི་ལུས་པོ་ནི་ནད་གཞི་ལས་རྣམ་པར་རྒྱལ་སྲིད་ཅེས་པ་ལྟ་བུའི་སྐུལ་ལྕག་གི་སྐད་ཆ་རེ་འགའ་བཅུག་ཡོད། དེས་རྟོག་པ་འོག་འགྱུ་བརྒྱུད་དེ་མི་རྣམས་ཀྱི་ནད་འགོག་ནུས་པ་མཐོར་འདེགས་སུ་གཏོང་བ་རེད། ཁོས་ད་དུང་དགོད་པ་ཡིས་མིའི་ལུས་སྟེང་གི་འབྲས་སྐྲན་མེད་པར་གཏོང་བའི་ཕྲ་ཕུང་དག་ལ་མངོན་སུམ་གྱིས་གསོན་ཤུགས་རྒྱས་སུ་འཇུག་པ་གསར་རྟོགས་བྱུང་ཡོད།།
       《ཉིན་བཅུའི་རྩོམ་བཏུས་དུས་དེབ》ལྟར་བདེ་འཚོས་བསྒྱུར།
      2016ལོའི་ཟླ་4པའི་ཚེས་1ཉིན་གྱི་《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1