གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༤ཚེས་༡༩ཉིན།

༄༅། །ཧི་མ་ལའི་རིག་མཛོད་ཀྱི་དྲ་ཚིགས་ཆེན་མོ་ཤར་གཏོང་མཛད་སྒོའི་སྟེང་གི་གཏམ་བཤད།

  རྣམ་པ་ལྷན་རྒྱས་ཉིན་གུང་ལ་བཀྲ་ཤིས་བདེ་ལེགས་ཞུ།        (ཐལ་སྒྲ། ) 
    མཚོ་སྐྱེས་རིག་གནས་དར་སྤེལ་སྤྱི་གཉེར་ལས་ཁུངས་ཀྱི་ཡན་ལག་ཧི་མ་ལའི་རིག་མཛོད་ཁང་གི་མི་སྣ་དང་། གུ་རུ་སྟོང་ཐང་ཆེན་མོའི་ཚོགས་མི་ལྷ་རིས་པ་ཡོངས།  ད་དུང་འབྲེལ་ཡོད་ཀྱི་དབུ་ཁྲིད་དང་མི་སྣ་སྐོར་ཅིག་དེ་རིང་འདིར་ཆེད་དུ་ཧི་མ་ལའི་རིག་མཛོད་དྲ་ཚིགས་ཆེན་མོ་ལེགས་འགྲུབ་ཤར་གཏོང་གི་མཛད་སྒོ་འདིར་ཕེབས་པར་དགེ་ལེགས་ཞུ་བ་དང་ལྷན་དུ།   ངས་ལས་ཁུངས་ཀྱི་མི་སྣ་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ་བ་ཡིན།    (ཐལ་སྒྲ། )
  དེ་རིང་ནི་ཧི་མ་ལའི་རིག་མཛོད་དྲ་ཚིགས་ཆེན་མོ་ལེགས་འགྲུབ་ཤར་གཏོང་གི་མཛད་སྒོ་ཡིན།  ཡང་ཅིག་བཤད་ན་ཧི་མ་ལའི་རིག་མཛོད་དྲ་བ་དེ་རིང་ནས་ལམ་ལ་ཆས་ཏེ་འཛམ་གླིང་དུ་བསྐྱོད་པའི་ཉིན་དང་པོ་ཡིན་ལ།  བོད་ཀྱི་ཆོས་རིག་འཛམ་གླིང་ལ་བསྐྱོད་པའི་ཉིན་དང་པོའང་རེད།  དེས་ན་དོན་འདི་ལ་དམིགས་ཏེ་བཤད་ན་ང་ཚོ་ཧ་ཅང་དགའ་འོས་པའི་དོན་བཟང་ཞིག་དང་།   འདི་ནི་བོད་ཀྱི་ཆོས་དང་རིག་གནས་ལ་ཞབས་འདེགས་བླ་མེད་ཅིག་འཁྱོངས་བའི་རྨང་གཞི་བཏིང་ཐུབ་སོང་ཞེས་བཤད་ན་ང་ཚོས་དེ་རིང་ཁ་ལབ་རྐྱང་བ་མ་རེད།  མིག་མཐོང་ལག་ཟིན་ཏུ་སྟོན་རྒྱུ་ཡོད་པ་འདི་རེད།   
  དེ་རིང་གི་ཉིན་མོ་འདི་ནི་ཧི་མ་ལའི་རིག་མཛོད་ཁང་གི་ཚོགས་མི་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཡིན། འདི་ནི་ང་ཚོའི་ཐུན་མོང་གིས་འཛམ་གླིང་ཡོངས་ལ་ཕུལ་བའི་ལེགས་སྐྱེས་དང་།  དེང་སྐབས་བོད་ཀྱི་སློབ་གསོ་བ་འགའ་ཞིག་གིས་ཕྱག་ལས་གནང་བ་ལྟར་སྟོང་གཏམ་འབའ་ཞིག་བཤད་ནས་འདུག་པ་དང་མི་འདྲ་བར། ང་ཚོ་ཧི་མ་ལའི་རིག་མཛོད་ཁང་གིས་བོད་ཀྱི་ཆོས་རིག་ལ་ཁ་ཁོག་གཉིས་མེད་ཀྱིས་ཞབས་འདེགས་བསྒྲུབས་པའི་འབྲས་བུ་མངོན་དུ་གྱུར་བ་ཡིན།  མཛད་རྗེས་འདི་ངེད་ཅག་དབུ་འཛིན་པ་སྐོར་ཅིག་གི་ལག་རྗེས་གཏན་ནས་མིན་པར་།  འུ་ཅག་ཚོགས་མི་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱི་འབད་པ་ཁོ་ན་ལས་བྱུང་བ་ཡིན། དེས་ན་དྲ་ཚིགས་འདི་ནི་བོད་ཀྱི་ཆེད་ལས་རིག་མཛོད་དྲ་ཚིགས་ཆེས་ཆེ་ཤོས་ཡིན།  བོད་ཀྱི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་རིག་པའི་གཞུང་ལུགས་མཐའ་དག་འཕྲུལ་དེབ་ཀྱི་རྣམ་པ་དང་།  ལྟ་ཀློག་གི་རྣམ་པ་གཉིས་ཀྱི་སྒེའུ་ཁུང་བརྒྱུད་ནས་ཀློག་ཐུབ་པ་དང་།  ད་དུང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཤེས་བྱ་གང་མང་ཞིག་འདུས་གྲུབ་བྱས་ཡོད་པའི་གྲུབ་ཆ་མི་འདྲ་བ་གསུམ་ལས་གྲུབ་པའི་ཁྱད་ཆོས་གསུམ་ལྡན་གྱི་འཛམ་གླིང་སྟེང་གི་ཕལ་ཆེར་བོད་རིག་ཆེད་ལས་ཀྱི་ཕྱོགས་ནས་གླེང་ན་དྲ་ཚིགས་འདི་ཆེས་ཐོག་མར་ཆགས་ཡོད། 
  ང་ཚོས་རྒྱུ་ཚེགས་འདི་འདྲ་ཞིག་གི་དཀའ་སྡུག་ལ་གདོང་གཏད་དེ་ཧི་མ་ལའི་རིག་མཛོད་དྲ་ཚིགས་ཞེས་པ་ཞིག་བཟོ་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད།  ཚང་མས་བསམ་བློ་ཐོངས་དང་། ང་ཚོ་མི་སྒེར་གྱི་ཁ་ཟས་རྒྱབ་གོས་ཀྱི་ཆེད་ཨེ་རེད།  མ་རེད།   ཚོང་ལས་དཔལ་འབྱོར་གྱི་ཆེད་ཨེ་རེ།   མ་རེད།  འདི་ལ་དཔལ་འབྱོར་གྱི་འོང་སྒོ་ཡོད་པ་མ་རེད། ལོ་རེ་རེའི་དྲ་ཚིགས་ཀྱི་བར་སྟོང་ལ་ཁྲལ་སྒོར་ཁྲི་མང་པོའི་འགྲོ་སོང་གཏོང་དགོས་པ་རེད།  དེས་ན་ཅི་ཞིག་རེད།  ང་ཚོའི་འཇིག་ལ་ཉེ་བའི་ཆོས་དང་རིག་གཞུང་འདི་བསྐྱར་གསོ་བྱས་ཏེ།   མི་རིགས་འདིའི་ཆད་ལ་ཉེ་བའི་ཚེ་སྲོག་གི་རྒྱུན་ཐག་མཐུད་རྒྱུའི་ཆེད་རེད།   (ཐལ་སྒྲ།)
  དེས་ན་རིག་གཞུང་འདི་བསྐྱར་གསོ་དགོས་ན་ཐབས་གང་འདྲ་བཀོལ་ནས་བསྐྱར་གསོ་དགོས་པ་རེད་ཟེར་ན།   དུས་རབས་དང་མཐུན་པའི་སྒོ་ནས་སྐྱོབ་དགོས།   འཆར་གཞི་དང་ལག་བསྟར་སྟོང་བའི་བར་གསེང་ནས་བགྲོ་གླེང་ག་གེ་མོ་ཞིག་གི་སྟེང་ནས་ཁ་མཁས་ལྕེ་སྡེབ་ལ་བྱང་བ་ཙམ་དང་། ཁ་སྟོང་གི་ཚིག་སྟོང་།  ལག་སྟོང་གི་ཕྱག་རྒྱ་དེས་གང་ཡང་འགྲུབ་ཀྱི་མ་རེད། 
  དེས་ན་ང་ཚོས་བོད་ཀྱི་རིག་གནས་འདི་བརྡ་འཕྲིན་དུས་རབས་ཀྱི་ལམ་ལ་བསྐྱོད་རྒྱུའི་ཆེད་དུ་ཧི་མ་ལའི་རིག་མཛོད་དྲ་ཚིགས་འདི་བཟོས་པ་ཡིན།  འདི་ནས་ཡར་བརྩིས་པའི་ལོ་ས་ཡ་འགའི་ཡར་སྔོན་ན་མི་རྣམས་ཀྱིས་འཚོ་བའི་ཡོ་ཆས་ཚང་མ་རྡོ་ཡིས་བྱས་པ་རེད།  ཆེ་ས་ནས།  རིག་གནས་དཔལ་འབྱོར།  ཆུང་ས་ནས། ཐབ་ཀ  བ་མ།  རྫ་མ། མཚོན་ཆ་སོགས་འཚོ་བའི་ཉེར་མཁོ་ཚང་མ་རྡོ་ལས་བཟོས་ཏེ་རྡོ་འདི་སྤྱོད་སྒོ་ཆེ་བས།  དུས་རབས་དེའི་མིང་ལ་རྡོ་ཆས་དུས་རབས་ཞེས་ཟེར་བ་རེད།   དེ་མཚུངས་དེང་སང་དུས་རབས་ཉེར་གཅིག་པའི་ནང་ནས་མིའི་འཚོ་བ་དང་རིག་གནས་སོགས་རྦད་ཀྱིས་འགྱུར་ཏེ་བརྡ་འཕྲིན་གྱི་ལམ་ལ་ཞུགས་ནས་འཚོ་བ་རོལ་བཞིན་ཡོད་པས་དུས་རབས་འདིའི་མིང་ལ་བརྡ་འཕྲིན་དུས་རབས་ཟེར་བ་རེད།  
  བརྡ་འཕྲིན་དྲ་རྒྱའི་རིག་པ་འདི་དང་ཐོག་ཨ་རི་ནས་ 1969 ལོ་ནས་དར་ཁྱབ་ཏུ་སོང་སྟེ་ལོ་རབས་བདུན་ཅུའི་སྨད་ནས་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་དེ་རིམ་གྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་བརྡ་འཕྲིན་ལ་ཞུགས་མགོ་བརྩམས་པ་རེད།  དེས་ན་བརྡ་འཕྲིན་འདི་ལ་ཁྱད་ཆོས་ཅི་འདྲ་ཡོད་པ་རེད་ཟེར་ན།  འདི་ནས་ཆུང་ས་ནས་ངས་དཔེ་ཞིག་བཀོལ་ན། བརྡ་འཕྲིན་ལག་རྩལ་མ་དར་ཡར་སྔོན་ལ་རྒྱལ་བའི་བཀའ་བསྟན་ལྟ་བུའི་པོད་བརྒྱ་ཕྲག་ཁ་ཤས་ཡོད་པའི་ཡིག་ཆ་ཞིག་ཕྱི་གླིང་གི་ས་ཆ་ཞིག་ཏུ་བསྐྱལ་དགོས་ན། ལོ་དང་ཟླ་བའི་དུས་ཚོད་དང་།  མི་མང་པོས་དཀའ་ཚེགས་བརྗོད་ལས་འདས་པ།  འགྲོ་གྲོན་རྫོགས་མེད་བཏང་སྟེ་བསྐྱལ་ནས་འགྲོ་དགོས་པ་རེད།   དེང་སང་བརྡ་འཕྲིན་ལ་བརྟེན་ཏེ་ཡིག་ཆ་པོད་ཁྲི་ཕྲག་ཁ་ཤས་ཡོད་ནའང་སྐར་ཆ་གསུམ་གྱི་རིང་ལ་འཛམ་གླིང་གི་ས་ཆ་སོ་སོར་དགྲམ་ཐུབ་པ་མ་ཟད་ལྟ་ཀློག་ཀྱང་དུས་གཅིག་ཏུ་བྱ་ཐུབ་པ་རེད།   འདི་ལ་བརྡ་འཕྲིན་དུས་རབས་ཟེར་བ་རེད།  དེ་བཞིན་དེང་དུས་སུ་ཚོང་ལས་དཔལ་འབྱོར། ཆོས་ལུགས།  རིག་གནས།  ཚན་རིག འཕྲུལ་ཆས།  འཚོ་བ་སོགས་ཚང་མ་བརྡ་འཕྲིན་གྱི་ལམ་ག་ན་བཀོལ་བཞིན་ཡོད་པ་རེད།   ཆུང་ས་ནས་དངོས་པོ་བྱེ་བྲག་པ་ཞིག་གི་བཟང་ངན་དང་ནུས་པ།  ཆེ་ས་ནས་འཛམ་གླིང་གི་མི་སྣ་རླབས་ཆེན་དག་དང་མི་བུ་བཟོ་ལས་པ་ཚུན་ཆད་ཀྱི་རྒྱབ་ལྗོངས་ཀྱི་རྒྱུ་ཆ་ཚང་མ་བརྡ་འཕྲིན་གྱི་ལམ་ན་འཚོལ་བཞིན་ཡོད།   དེ་དང་ཆབས་ཅིག་མི་རིགས་ཁག་དང་རྒྱལ་ཁབ་སོ་སོས་རང་རང་གི་སྐད་ཡིག་དང་རིག་གནས་བརྡ་འཕྲིན་གྱི་ལམ་གར་བཞག་ཅིང་རིག་གནས་འཛམ་གླིང་ཅན་དུ་བསྒྱུར་བ་ལ་འགྲན་རྩོད་ཀྱི་གོམ་ཁ་གཤིབ་བཞིན་བའི་དུས་རབས་འདིར།   ང་ཚོས་ཡང་ཆོས་རིག་གི་རིག་གཞུང་འདི་དག་འཛམ་གླིང་བརྡ་འཕྲིན་དུས་རབས་ལ་བསྐྱོད་མགོ་རྩོམ་དགོས་པ་ཡིན།    མ་བརྩམས་ཐབས་མེད་ཡིན།   
  མི་ལ་ལས་བསམས་ན།  ང་ཚོའི་དགོན་སྡེ་ཁག་དང་།   གནས་ཆེན།  གནའ་ཤུལ་གྲགས་ཆེན།  སློབ་གླིང་སོགས་ན་བོད་ཀྱི་ཆོས་རིག་གཞུང་ལུགས་ཀྱི་པོ་ཏི་ཁྲི་ཕྲག་མང་པོ་བྲག་རི་འདྲ་བ་རེ་བརྩིགས་ཡོད།   དཔལ་ས་སྐྱའི་དགོན་པ་གཅིག་ན་དཔེ་རྙིང་རིག་གཞུང་པོད་ཁྲི ་20 ལྷག་ཡོད་པ་ཚང་མ་ད་དུང་མ་ཉམས་པར་ཡོད་པ་འདིས་ཆོག་པ་ཡིན། ད་བརྡ་འཕྲིན་དུས་རབས་ཚོ་མི་ཤེས་ཟེར་ན།    དེ་འདྲའི་བསམ་བློ་དེ་ཕྱིན་ཅི་ལོག་རེད།  ནོར་སོང་བ་རེད།  རིག་གཞུང་དེ་དག་ཡོད་པ་བདེན་ཡང་མ་བསྒུལ་བར་བརྩེགས་ནས་འཇོག་པ་ནི་ཡུན་མི་རིང་བར་ཉམས་པའི་སྔ་ལྟས་གཅིག་པོ་ཡིན།   པེ་ཅིང་ན་འཛམ་གླིང་འགྲེམས་སྟོན་ཁང་ཟེར་བ་ཞིག་ཡོད།  ང་དེར་ཐེངས་གཉིས་སོང་ནས་ཞིབ་འཇུག་བྱས་པ་ཡིན།  འགྲེམས་སྟོན་ཁང་དེ་ན་ཡིག་རིགས་མི་འདྲ་བའི་རིག་གཞུང་པོ་ཏི་ཁྲི་ཕྲག་མང་པོ་བརྩེགས་ཏེ་ལྟ་སྐོར་བྱེད་ས་བྱས་ནས་བཞག་ཡོད་གི   འདི་ནི་དོན་དངོས་མང་ཆེ་བ་སྔོན་མི་རིགས་ཉམས་སོང་བའི་རིག་གཞུང་དག་ཡིན་འདུག  ལ་ལའི་ཁ་བྱང་ལ་ཤི་ཟིན་པའི་ཡི་གེ་ཞེས་བྲིས་ནས་བཞག་ཡོད་གི  རིག་གཞུང་བརྩེགས་ནས་ཡོད་ཀྱང་ད་ལྟ་ཡིག་ཆ་དེ་དག་ཤེས་མཁན་གཅིག་ཀྱང་མི་འདུག    ང་ཚོ་བོད་ཀྱི་ཆོས་དང་རིག་གནས་འདི་དར་སྤེལ་མ་བྱས་ནས།  གཉན་པོ་ཡིན།   གསང་བ་ཡིན་སོགས་ལུང་བ་མང་བཤད་ནས་སྦས་བཞག་ན་དེའི་ནང་བཞིན་འོང་བའི་ཉེན་ཁ་ཡོད།     ད་དུང་མུ་མཐུད་དུ་ཨུ་ཚུགས་བྱས་ཏེ་བརྩེགས་ནས་བཞག་ན་ཤི་ཟིན་པའི་བོད་རིགས་ཀྱི་རིག་གཞུང་རེད་ཅེས་ཁ་བྱང་བརྒྱབ་སྟེ་འགྲེམ་སྟོན་ཁང་ལ་བཤམ་སྟོན་བྱ་དགོས་པའི་ཉིན་མོ་ཞིག་ལ་བསླེབ་སྲིད།  དེས་ན་ཆུམ་འོངས་གོང་ནས་ཆུ་རགས།   དགྲ་མ་འོངས་གོང་ནས་སོ་བ་ཞེས་པའི་དཔེ་ལྟར།   ཆོས་རིག་འདི་ལ་སྲུང་སྐྱོབ་བྱེད་དགོས་པ་རེད།   ( ཐལ་སྒྲ།)
  དུས་རབས་གསར་བའི་ནང་བརྡ་འཕྲིན་གྱི་ལམ་ན་མེད་པའི་སྐད་ཡིག་དང་རིག་གནས་ཀྱི་ཚེ་སྲོག་ནི་རླུང་ནང་གི་མར་མེ་བཞིན།  མ་འོངས་པར་ཡུན་དུ་བརྟན་མི་ཐུབ་པས་དེ་དག་ལ་ད་ནས་ཞིབ་འཇུག་པ་ཚོས་ཤི་ལ་ཉེ་བའི་རིག་གནས་ཞེས་བརྗོད་ཀྱིན་ཡོད།    མིག་སྔར་འཛམ་གླིང་སྐད་བརྡ་ཞིབ་འཇུག་པས་ཤེས་གསལ་ལྟར་ན།  འཛམ་གླིང་འདིར་སྐད་རིགས་སྟོང་ཕྲག་ལྔ་ལྷག་དང་ཡིག་རིགས་བརྒྱད་བརྒྱ་ཡན་དངོས་སུ་ཡོད་པར་ཤེས་རྟོགས་བྱུང་། ཡིན་ནའང་སྐད་ཡིག་མང་ཆེ་བ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས་ཕལ་ཆེར་གཟའ་འཁོར་འགའི་ནང་དུ་སྐད་ཡིག་རེའི་ཚེ་སྲོག་ས་ཆེན་པོ་འདི་ལས་ངུ་འབོད་བྱེད་བཞིན་རྒྱང་དུ་གྱེས་འགྲོ་བར་བཤད་ཡོད།   དེ་དག་ཉམས་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་སྐད་ཡིག་དང་རིག་གཞུང་དེ་དག་བརྡ་འཕྲིན་ལམ་ལ་འགྲོ་མ་ཐུབ་པ་དང་རྒྱུད་འཛིན་བྱེད་མཁན་གྱི་མི་མེད་པས་ལན་པ་ཡིན།  དེས་ན་ང་ཚོའི་བོད་ཀྱི་ཡི་གེ་ལ་མཚོན་ན་འཛམ་གླིང་གི་བརྡ་འཕྲིན་གཞུང་ལམ་ན་བཞུར་བའི་ཡིག་རིགས་ལྔ་བཅུའི་གྲལ་དུ་ཚུད་ཡོད།  ཡིག་རིགས་དེ་དག་ནི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཆ་གང་ནས་ཀྱང་བརྡ་འཕྲིན་ལམ་ནས་ལྟ་ཀློག་བྱེད་ཐུབ་པ་རེད། ཆོས་རིག་འདི་ཡང་འཛམ་གླིང་སྟེང་བོད་རིག་པ་ཞེས་མི་དམན་པའི་གོ་གནས་ཡོད་པ་ཡིན།  རེད་དེ་ད་དུང་བརྡ་འཕྲིན་གཞུང་ལམ་ལ་དེ་འདྲ་བསྐྱོད་ཐུབ་ཀྱིན་མེད།   དེའི་ཕྱིར་རིག་གཞུང་གི་ཚེ་སྲོག་ས་ཆེན་པོ་འདིའི་སྒལ་གཞུང་ནས་ཡུན་དུ་བསྲིང་ཆེད་དང་།  འཛམ་གླིང་ལ་དར་སྤེལ་འོང་ཆེད་ང་ཚོས་འབད་པ་བརྒྱ་འགྱུར་དང་བརྩོན་པ་ལྷོད་མེད་ཀྱིས་བོད་རིག་པ་འདི་འཛམ་གླིང་རང་བཞིན་གྱི་རིག་གནས་ཤིག་ཏུ་བསྒྱུར་དགོས། འདི་ནི་བོད་མི་སྤྱི་བོ་གནམ་སྟོན་ཡོངས་ཀྱི་མ་བགོས་གཅིག་ཐོབ་ཀྱི་ལས་འགན་གཅིག་པོ་ཡིན།  འདི་ནི་ང་ཚོ་ཚོགས་པས་སྟོབས་ཤུགས་ཡིན།   གཟི་བརྗིད་ཡིན།   ང་རྒྱལ་ཡིན།  འདི་ལས་ལྷག་པའི་ལ་རྒྱ་བཙལ་ཀྱང་རྙེད་མི་སྲིད།  ཧི་མ་ལའི་རིག་མཛོད་ཁང་གི་མདུན་ལམ་ཉག་ཅིག་ཡིན།   དེའི་ཕྱིར་ཚང་མས་ནམ་ཡང་སྙིང་སྟོབས་ལྷོད་མི་རུང་།   རྒྱལ་ཁ་དང་གཟི་བརྗིད་ཀྱིས་མུ་མཐུད་དུ་ལམ་ལ་ཆས་དགོས།      ཐལ་སྒྲ།
  འདི་ནི་ང་ཚོ་མི་རེ་རེའི་འོས་འགན་ཁོ་ན་ཡིན།   གནམ་འོག་དར་རྒུད་རང་གི་ལག་ཅེས་པའི་སྐད་ཆ་གསོན་པོ་ཞིག་ཁུང་ཙིས་ལབ་མྱོང་བ་རེད།  འདིས་ནི་ང་ཚོ་ལ་ཐུན་མིན་འགན་ཁུར་ཞིག་ཕྲག་སྟེང་དུ་བཞག་ཡོད།     སྐད་ཆ་འདི་སུའི་ཐོས་ན་སེམས་ལ་གནོན་ཤུགས་དང་སྙིང་སྟོབས་ལྷག་མ་ཞིག་སྟེར་སྲིད།         
  ད་དུང་སྐད་ཆ་གསོན་པོ་ཞིག་ཡོད་པ་ངས་ནམ་རྒྱུན་དྲན་གིན་འདུག   འདས་པའི་ལོ་བརྒྱ་ཕྲག་ལ་ཉེ་བའི་ཡར་སྔོན་ཞིན་ནས་ཨ་ལ་པོ (阿拉伯)དང་ཨི་ཟི་རེལ (以色列) རྒྱལ་ཁབ་གཉིས་མུ་མཐུད་དུ་དམག་འཁྲུག་གི་ལམ་ལ་ཞུགས་པ་རེད།    རྒྱལ་ཁབ་དེ་གཉིས་ཀྱི་དམག་འཁྲུག་གི་མེ་ལྕེ་དགུང་ལ་འབར་ཞིང་ཤི་གསོན་གྱི་གཡུལ་ངོ་བཤམ་བཞིན་པའི་སྐབས་སུ། འཛམ་གླིང་གི་བུད་མེད་མཛེས་མས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།   སྐབས་དེར་ཏག་ཏག་ཨི་ཟི་རེལ་རྒྱལ་ཁབ་ནས་ཡོང་བའི་བུད་མེད་ཅིག་འཛམ་གླིང་སྟེང་གི་མཛེས་མ་ཨང་དང་པོར་བདམས་སོང་བ་རེད།   སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་ཁག་གི་གསར་འགོད་པ་དང་།  གློག་བརྙན་ཕབ་སྐྲུན་གི་སྡེ་ཁག་གྱི་མི་མང་པོས་འཚང་ཁ་་སིབ་སིབ་ཏུ་ཨེ་ཟི་རེལ་གྱི་བུ་མོ་མཛེས་མའི་མཐའ་བསྐོར་ནས། ཁོ་ཚོས་བཤད་དོན། བུ་མོ་ཁྱོད་ཀྱིས་ང་ཚོ་དང་མཉམ་འབྲེལ་གྱི་གན་རྒྱ་ཞོག་དང་ཁྱེད་ལ་དངུལ་མང་པོ་སྟེར།  གན་རྒྱ་བཞག་རྗེས་ཁྱོད་ཀྱིས་དཔལ་འབྱོར་དང་སྙན་གྲགས་གཉིས་ཀའི་ཁེ་བཟང་ལོན་ཐག་ཆོད་ཡིན། ཁྱོད་ཕྱིར་ནང་རྒྱལ་དུ་ལོག་དགོས་དོན་མི་འདུག  ཁྱོད་ཀྱི་རྒྱལ་ཁབ་འདི་ད་ལྟ་དམག་འཁྲུག་གི་ནང་དུ་ཚུད་ཡོད་པས།  ཡང་ཅིག་བཤད་ན་རྒྱལ་ཁབ་ཆུང་ཆུང་འདི་འདྲ་ཞིག་ནམ་ཡིན་ཡང་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཡོད།  ཁྱོད་ཕྱིར་སོང་ན་རང་ཉིད་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཧ་ཅང་ཆེ་བས་ད་ལྟ་ཁྱོད་ལ་རྒྱུ་དགོས་ན་རྒྱུ་ཡོད་གི  མིང་དགོས་ན་མིང་ཡོད་གི  དེས་ན་ཨ་རིར་བསྡད་ནས་འཚོ་བ་བསྐྱལ་ན་ཡག་པོ་འདུག་ཅེས་བཤད་པ་ན།    བུ་མོ་མཛེས་མ་དེས་ཁྲ་ཤིག་ཤིག་གི་བརྙན་ངོས་དག་ལ་ཁ་གཏད་ནས་སྐད་ཆ་འདི་ལྟར་བཤད།  ང་འཛམ་གླིང་བུད་མེད་མཛེས་མའི་འགྲན་བསྡུར་ལ་ཞུགས་པ་ནི་ང་རང་ཉིད་ཀྱི་ཆེད་དུ་བསམས་པ་མིན།  ངས་ཁྱེད་ཚོ་ཚང་མར་ཤེས་སུ་འཇུག་རྒྱུ་ནི། ཨེ་ཟི་རེལ་ནི་ཕུལ་དུ་བྱུང་བའི་མི་རིགས་ཞིག་ཡིན་པས་ང་འགྲན་རྩོད་ལ་འོང་བ་ཡིན།  ངས་འཛམ་གླིང་གི་མི་ཚང་མར་ཤེས་སུ་འཇུག་རྒྱུ་ནི། སའི་གོ་ལའི་སྟེང་འདིར་ཨེ་ཟི་རེལ་ཟེར་བའི་རྒྱལ་ཁབ་ཞིག་ཡོད་པས་ང་དེའི་ཚབ་བྱས་ཏེ་ཐེངས་འདིའི་འགྲན་རྩོད་ལ་ཡོང་བ་ཡིན།  དེ་རིང་གི་ཨང་དང་པོ་ང་བདམས་སོང་བས་ངའི་ལས་འགན་ཡང་འགྲུབ་སོང་།  ངས་ཀྱང་འཛམ་གླིང་ཡོངས་ལ་བཤད་རྒྱུ་ནི།  ཨེ་ཟི་རེལ་ནི་ཕུལ་དུ་བྱུང་བའི་མི་རིགས་ཞིག་ཡིན།   རྒྱུ་མཚན་ང་ནི་འཛམ་གླིང་སྟེང་ཆེས་མཛེས་པའི་བུད་མེད་གཅིག་པོ་དེ་ཡིན། 
  དེ་དང་མཉམ་དུ་ངས་འཛམ་གླིང་ཡོངས་ལ་བཤད་འདོད་པ་ནི།  ཨེ་ཟི་རེལ་རྒྱལ་ཁབ་འདིས་ད་ལྟ་དམག་འཁྲུག་གི་དཀའ་སྡུག་འོག་སྡུག་བསྔལ་མྱོང་བཞིན་ཡོད་པས།  ངའི་རེ་བ་ལ་འཛམ་གླིང་མི་དམངས་ཀྱིས་ང་ཚོར་བརྩེ་གཟིགས་དང་རྒྱབ་སྐྱོར་གནང་རོགས།  ང་ཚོའི་རྒྱལ་ཁབ་ལ་རང་བཙན་ཐོབ་པའི་རྒྱབ་སྐྱོར་བྱེད་རོགས།  ད་ལྟ་ངའི་རྒྱལ་ཁབ་ཀྱིས་དམག་འཁྲུག་རྒྱག་བཞིན་པས་ང་ལ་དངུལ་གྱིས་ཕན་ཐོགས་ཅི་ཡོད།   ང་ཚོ་ཨེ་ཟི་རེལ་རྒྱལ་ཁབ་ཉམས་ནས་ལོ་ངོ་ཉིས་སྟོང་འགོར་ན་ཡང་ང་ཚོའི་རིག་གནས་ཉམས་མེད་པས་ང་ཚོས་ད་དུང་རྒྱལ་ཁབ་འཛུགས་ཆོག་པ་རེད།  ང་ཕྱིར་ནང་རྒྱལ་དུ་ལོག་ནས་རྒྱལ་ཁབ་ཀྱི་ཆེད་དུ་དམག་འཁྲུག་ལ་ཞུགས་དགོས།  ཁོ་མོས་སྐད་ཆ་འདི་བཤད་རྗེས་རང་གི་རྒྱལ་ཁབ་ཏུ་ཕྱིར་ལོག་སོང་བ་རེད།  
  ཁོ་མོའི་གཏམ་བཤད་འདི་བསྒྲགས་རྗེས་འཛམ་གླིང་མི་དམངས་ཀྱིས་རྒྱལ་ཁབ་འདི་ལ་ལྟ་སྟངས་ཀྱི་རྣམ་པ་གཞི་ནས་འགྱུར་སོང་བ་རེད།  ཨེ་ཟི་རེལ་གྱི་མི་དངོས་གནས་ཧ་ལས་པོ་འདུག བུ་མོ་འདིའི་ལ་རྒྱ་དང་སྙིང་སྟོབས་ཞེས་འཛམ་གླིང་མི་དམངས་ཀྱིས་ཡི་རང་ཐེངས་མང་ཤོར་བ་རེད།  དེ་དང་བསྟུན་འཛམ་གླིང་གི་ཁྱབ་བསྒྲག་དེ་འདྲ་བྱེད་བཞིན་པ་ཨེ་ཟི་རེལ་གྱི་དམག་མི་ཚོས་ཐོས་འཕྲད་སྙིང་སྟོབས་བླ་རུ་རྒྱས་ཏེ་ཨ་ལ་པོའི་དམག་དང་འཐབ་འཛིང་དྲག་པོས་དགྲ་བོ་ཕམ་པར་བརྒྱབས་ཏེ་རྒྱལ་ཁ་བླངས།  འདི་ནི་འཛམ་གླིང་ལོ་རྒྱུས་སྟེང་བསུབ་ཏུ་མེད་པའི་ཆེས་རླབས་ཆེ་བའི་སྤྱི་ལོ་1967.6ནང་བྱུང་བའི་ཉིན་བདུན་འཐབ་འཛིང་ 六日战争  ཟེར་བ་དེ་རེད།  གློག་བརྙན་ཡང་འཁྲབ་ནས་ཡོད།  མིང་ལ་ཉིན་བདུན་འཐབ་འཛིང་ཟེར།    སྙིང་སྟོབས་དང་སྐད་ཆ་ཚིག་གཅིག་གིས་གནམ་འོག་དབང་དུ་བསྡུས་ཟེར་བ་དེ་འདི་རེད།  
  དེས་ན་ང་ཚོས་བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པ་ནི་ང་ཚོ་མི་སྒེར་ཁོ་ནའི་འགན་འཁྲི་ཡིན།   མི་རང་ཉིད་ཀྱིས་འགན་མ་བླངས་ན་ཕྱོགས་གཞན་ཞིག་དང་།  སྤྱི་ཁྱབ་ཅིག་ན་འགན་ལེན་མཁན་ཞིག་གཅིག་ཀྱང་ཡོད་པ་མ་རེད།  དེས་ན་ང་ཚོ་རེ་རེ་ལ་འགན་ཡོད།  བྱིས་པ་སྣབ་ལུགས་ཡན་དང་རྒན་པོ་ཧོན་ལོག་མན་ཆོད་ལ་ཡང་འགན་རེ་རེ་ཡོད།  ནམ་ཉི་མ་ཞིག་ལ་ཞེས་པའི་རེ་སྒུག་ཀྱང་བྱ་རྒྱུ་མེད། ཁྱེད་ཤེས་ཁྱེད་མཁྱེན་དང་སྔོན་ལས་རྐྱང་བ་ལ་ནག་ཉེས་འགེལ་རྒྱུ་ཡོད་པ་མ་རེད།   ང་ཚོ་བོད་ལ་མཚོན་ན་ཆོས་དང་རིག་གནས་འདི་ཡོད་ན་དེས་ཆོག་དང་།  མེད་ན་ཐབས་ཆག་འདི་ཡིན།    
  ཆོས་དང་རིག་གནས་རྒྱུད་འཛིན་འདི་དེ་འདྲ་གལ་ཆེན་ཞིག་ཨེ་རེད་ཟེར་ན།   གལ་ཆེན་ནང་གི་དོན་ཆེན་ཡིན།   བོད་ཅེས་པ་དེ་ས་ལྒང་འདིའི་སྟེང་ནས་གནས་དགོས།    རྒྱུན་ཆད་མི་ཉན།  སྲོག་ཆད་མི་རུང་ན་ངེས་པར་དུ་རིག་གནས་རྒྱུད་འཛིན་འདི་ལ་ཐུག་ཡོད།   རིག་གནས་ཀྱི་རྒྱུན་ནམ་ཆད་ན་མི་རིགས་དེའི་སྲོག་ཆད་པའི་ཉིན་ཐ་མ་ཡིན།     དེ་མ་རེད།  ད་རུང་ཤ་ཁྲག་རུས་གསུམ་ལས་གྲུབ་པའི་བོད་མི་མང་བོ་ལྷག་ཡོད།    ངས་སྐད་ཡིག་དང་རིག་གནས་མི་ཤེས་རུང་།  ཤ་དང་རུས་པ་བོད་ལས་ཆད་པའི་བོད་ཡིན་སྙམ་པ་ནི་སྟོང་སེམས་ཁོ་ན་ཡིན།    མི་ཡིན་པ་བདེན་མོད་དེ་ནི་བོད་མི་མིན།  བོད་ཀྱི་མི་རིགས་མིན།    (ཐལ་སྒྲ།)
  མི་རིགས་ཞེས་པ་ནི་ཐུན་མིན་སྐད་ཡིག་དང་རིག་གནས་ལོགས་སུ་ཡོད་མེད་ཀྱི་སྟེང་ནས་འབྱེད་པ་ཡིན།   ཚིག་འདི་འདྲ་ཞིག་ཡོད།   མི་རིགས་ཞེས་པ་རིག་གནས་ཆ་ནས་འཇོག །རིག་གནས་རྩ་བ་ཆད་ན་མི་རིགས་ཀྱི། །ལྗོན་ཤིང་སྐམ་ཕྱིར་རིག་གནས་ལ་སྡང་བ། །མི་རིགས་རྩ་མེད་གཏོང་བའི་ངན་གཡོ་ཡིན། །  ཞེས་བཤད་པ་ནང་བཞིན་ཡིན།  དཔེར་ན། ལོ་བརྒྱ་ཕྲག་གི་ཡར་སྔོན་གྱི་རྒྱ་ནག་གི་གོང་མ་ཆིང་རྒྱལ་རབས་ཀྱི་མི་རིགས་ལ་ས་ཡ་བཅུ་ལྷག་ཡོད་པ་རེད།  ད་ལྟ་མི་རིགས་དེའི་རྒྱུན་ཆད་ནས་གཅིག་ཀྱང་མཛུབ་མོ་འཛུགས་ས་མེད།  འོན་ཀྱང་དེ་ཚང་མ་ཤི་ནས་ཚར་སོང་བ་མ་རེད།   བསད་ནས་མེད་པར་བཏང་བཞག་པ་མ་རེད།  ད་ལྟ་ས་ཡ་ཉི་ཤུ་ཚོ་ཡོད་སྲིད་པ་རེད།   འཛམ་གླིང་གི་མི་ཚང་མ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།   འོན་ཏེ་ཁོ་ཚོའི་སྐད་ཡིག་དང་རིག་གནས་ཉམས་ཏེ་རང་མགོ་མ་ཐོན་པར་མེད་སོང་བ་ཡིན།  རྒྱ་མཚོ་ལ་ཆར་བབ་པ་བཞིན་མི་རིགས་གཞན་ཞིག་གི་ངོ་བོར་ཐིམ་སོང་བ་རེད།  མི་སྐད་གཞན་ཞིག་བཤད་བཞིན་རང་སྐད་ཉམས་སོང་བ་ཡིན། རིག་གནས་གཞན་ཞིག་གི་རྗེས་སུ་བྲན་གཡོག་བཞིན་བསྙེགས་སོང་བ་རེད། གནད་དོན་འདི་གཅིག་པོ་ལ་ཡང་ཡང་བསམ་བློ་བཏང་ན། མི་ཀླད་པ་ཅན་ཞིག་ཡིན་ན་འཇིགས་སུ་རུང་བའི་གནད་དོན་གསར་བ་ཞིག་རྙེད་ཡོང་སྲིད། དེས་ན་ང་ཚོ་རང་རང་གི་དེ་རིང་ནས་ལམ་ལ་ཆས་ཏེ་སྐད་ཡིག་དང་རིག་གནས་གཙང་མ་འདི་རྒྱུད་འཛིན་བྱེད་དགོས།    དར་སྤེལ་བྱ་དགོས།   འདི་ནི་འཇིག་རྟེན་གྱི་སྐད་ཆ་བཤད་ན་ང་ཚོ་དང་ང་ཚོའི་མ་འོངས་བའི་མི་རབས་ཀྱི་ཆེད་ཡིན། ཆོས་ལུགས་ལྟར་བཤད་ན་བསྟན་པ་དང་སེམས་ཅན་གྱི་དོན་ཡིན།  འདི་ནི་དེ་རིང་འདིར་འདུས་ཧི་མ་ལའི་རིག་མཛོད་ཁང་གི་ཚོགས་མི་ཡོངས་དང་གུ་རུ་སྟོང་ཐང་ཆེན་མོའི་ཚོགས་མི། ད་དུང་འབྲེལ་ཡོད་ཀྱི་མི་སྣ་ཡོངས་ལ།  ངས་འདི་ནས་དྲན་བསྐུལ་བྱས་པ་ཡིན།  རེ་བ་བཅོལ་བ་ཡིན།   ཉེན་བརྡ་བཏང་བ་ཡིན།  ཐལ་སྒྲ།   དེ་མིན་ངས་འདི་ནས་དེ་རིང་གར་སྟེགས་སྒེར་བསྡོམས་བྱས་ཏེ། དལ་གཏམ་ལུང་གཏམ་མང་པོ་ལབ་གི་མི་འདུག  ད་དུང་དེ་རིང་གཏམ་བཤད་འགའ་རེ་དང་།  ལྷག་ཏུ་གླུ་བ་གླུ་མ་ཚོ་གར་སྟེགས་འདིའི་སྟེང་ལ་འཚང་ག་ཤིག་ཤིག་རེད།   དུས་ཚོད་མང་པོ་མི་བརླག་ཚང་མས་གསན་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།   མཇུག་མཐར་བཀྲ་ཤིས་བདེ་ལེགས་ངང་ཧི་མ་ལའི་རིག་མཛོད་དྲ་ཚིགས་ལེགས་འགྲུབ་ཤར་གཏོང་གི་མཛད་སྒོ་དངོས་སུ་དབུ་འཛུགས་རྒྱུ་བྱ།     (ཐལ་སྒྲ།)
      ཚང་མ་བཀྲ་ཤིས་བདེ་ལེགས།   (ཐལ་སྒྲ།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1