༄༅།། རྩེར་སོན་ཐང་ག་དང་དྲན་རྟེན་ཐང་གའི་བར་གྱི་ཁྱད་པར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


  ཁྲོམ་རའི་ཐོག་ཐང་ག་ཡག་ཉེས་མི་འདྲ་བ་མང་པོ་ཡོད་པས་ཇི་འདྲ་བྱས་ན་ཐང་ག་ཡག་པོ་ཞིག་ཉོ་ཐུབ་བམ། དེའི་ཐད་བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་ལྟེ་གནས་ཀྱི་འགན་ཁུར་བ་བསྟན་འཛིན་ཕུན་ཚོགས་ཀྱིས་ཚོན་དང་། འབྲི་རྩལ། ཞལ་གསེར། ཚོན་མདངས་བཅས་ཕྱོགས་བཞི་ལ་གཞིགས་ནས་ཐང་ག་འདེམས་ཉོ་བྱས་ན་ཡག་པོ་ཡོད་ཅེས་ངོ་སྤྲོད་བྱས། གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད་ཐང་ག་འདྲ་མིན་སྣ་ཚོགས་ཡོད་པའི་ནང་ཡུལ་སྐོར་བས་ཐང་ག་གྲུ་བཞི་ཆུང་ཆུང་ཉོ་འདོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་།

  ཐང་གའི་རིན་གོང་ཆེ་ཆུང་སྣ་ཚོགས་ཡོད་པ་ཀུན་གྱིས་ཤེས་གསལ་རེད། ཡིན་ནའང་མི་མང་པོ་ཞིག་གིས་ཆེ་ཆུང་གཅིག་པ་དང་ནང་དོན་གཅིག་པ་ཡིན་པའི་ཐང་ག་གཉིས་ཀྱི་དབར་ལ་རིན་གོང་ཧེ་བག་ལྡབ་འགའ་ཞིག་ཤོར་དོན་གསལ་པོ་ཤེས་ཀྱི་མེད། དེའི་ནང་རྒྱུ་རྐྱེན་མང་པོ་ཡོད་པ་དཔེར་ན། ཐང་ག་བཞེངས་ཡུན་རིང་ཐུང་དང་། རི་མོ་རྒྱས་བསྡུས། ལྷ་འབྲི་བ་སྐད་གྲགས་ཆེ་ཆུང་སོགས་ལས་ཐང་གའི་རིན་གོང་འདྲ་གི་མེད་ཅེས་བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་ལྟེ་གནས་ཀྱི་འགན་ཁུར་བ་བསྟན་འཛིན་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས།

  ཐང་ག་གཅིག་བཞེངས་པའི་དུས་ཚོད་རིང་ཐུང་ལས་ལྷ་འབྲི་བ་དེ་ཞིབ་ནན་ཆེ་ཆུང་ཇི་འདྲ་ཡོད་པ་མཐོང་ཐུབ། དེས་ན་ཐང་ག་བཞེངས་ཡུན་ནི་ཐང་གའི་རིན་གོང་ཆེ་ཆུང་གཏན་འཁེལ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། གལ་ཏེ་ཐང་ག་གཅིག་བཞེངས་པར་དུས་ཚོད་ལོ་གཅིག་གཉིས་འགོར་ན་ཟླ་བ་གཅིག་གཉིས་འགོར་བ་ལས་ཞིབ་ཚགས་པ་དང་རྒྱས་པ་ཡོད་ལ་རིན་གོང་ཡང་ཆེ་བ་ཡོད། དེས་མ་ཟད་ཐང་ག་གྲུ་བཞི་ཆུང་ཆུང་དེ་རིགས་ལའང་རྒྱས་བསྡུས་ཀྱི་དབྱེ་བ་ཡོད་ཅིང་། རི་མོ་བསྡུས་པར་རིན་གོང་ཆུང་བ་དང་རི་མོ་རྒྱས་པར་རིན་གོང་ཆེ་བ་ཡོད་ཅེས་བར་སྐོར་གྱི་ཐང་ག་ཚོང་ཁང་ཞིག་ནང་ཡོད་པའི་ལྷ་འབྲི་བ་ཞིག་གིས་གསར་འགོད་པར་དེ་ལྟར་བཤད།

  ལྷ་འབྲི་བའི་སྐད་གྲགས་ཆེ་ཆུང་ལས་ཐང་གའི་རིན་གོང་ལའང་ཁྱད་པར་འགྲོ་བ་དེ་ནི་ཐང་གའི་ཁྲོམ་རའི་གནས་ཚུལ་ཞིག་ཡིན་པ་མ་ཟད། སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་ལའང་སྣང་ཚུལ་དེ་རིགས་ཡོད། 2014ལོའི་ཟླ་དང་པོར་ང་དང་ངའི་པཱ་ལགས་གྲགས་ཆེ་བའི་རྒན་རབས་པ་འགའ་ཞིག་དང་མཉམ་དུ་རི་མོའི་འགྲེམས་སྟོན་ཞིག་ནང་ཞུགས་རྒྱུ་བྱུང་། སྐབས་དེར་ངས་བརྩམས་ཆོས་གཅིག་འགྲེམས་སྟོན་ཐོག་འཚོང་རྒྱུར་བསྐྱལ་བ་ཡིན། ཐང་ག་དེའི་རི་མོ་རྙོག་འཛིང་ཆེ་བའི་རྐྱེན་གྱིས་དུས་ཡུན་རིང་པོ་འགོར་སོང་། མི་མང་པོ་ཞིག་གིས་ཐང་གར་བལྟས་རྗེས་ཁོང་ཚོའི་བློ་ལ་བབས་ནའང་ངའི་རིན་གོང་མཐོ་དྲགས་འདུག་ཅེས་ཟེར་གྱི་འདུག གང་ལགས་ཤེ་ན་ཁོང་ཚོས་ང་ངོ་མི་ཤེས་པས་རེད་ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་གད་མོ་དགོད་བཞིན་དུ་དེ་ལྟར་བཤད་།

ཁྲོམ་རའི་ཐོག་གི་ཐང་ག་མང་ཆེ་བ་ནི་སྨན་ཐང་ལུགས་ཀྱི་ཐང་ག་ཡིན་པ།

  གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད་ཐང་ག་ཚོང་ཁང་ཆེ་ཆུང་སྣ་ཚོགས་ནང་འཚོང་རྒྱུ་ཡོད་ཅིང་། མང་ཆེ་བ་ནི་སྨན་ཐང་ལུགས་ཀྱི་ཐང་ག་ཡིན་པ་ཤེས་རྟོགས་བྱུང་། དུས་རབས་བཅོ་ལྔ་པར་སྨན་ཐང་ལུགས་ནི་ཐང་ག་བཞེངས་རྩལ་ཁྲོད་ཀྱི་ཅུང་ཁྱབ་ཆེ་བ་ཞིག་ཡིན། དུས་རབས་བཅུ་བདུན་པར་སླེབས་རྗེས་སྨན་ཐང་ལུགས་འབུར་དུ་ཐོན་ནས་ཕོ་བྲང་རི་མོའི་ལུགས་ཤིག་ཏུ་གྱུར་བས་མི་མང་པོ་ཞིག་གིས་སྨན་ཐང་ལུགས་ཀྱི་ཐང་ག་བཞེངས་རྩལ་སྦྱངས་ཡོད། དེ་རྗེས་སྨན་ཐང་ལུགས་ཀྱི་ཐང་གའང་ཁྲོམ་རའི་ཐོག་ཁྱབ་ཆེན་པོ་བྱུང་ཡོད་ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་བཤད། ཐང་ག་བཞེངས་ལུགས་གཞན་དང་བསྡུར་ན་སྨན་ཐང་ལུགས་ཀྱི་ཐང་གའི་ཚོན་མདངས་གཞན་ལས་ཁ་ནག་པ་དང་། གཞི་ཚོན་སྔོན་པོ་དང་ལྗང་ཁུ་ཡིན་པ་དེ་ལས་མི་རྣམས་ལ་བརྟན་བརླིང་གཟབ་ནན་གྱི་ཚོར་སྣང་ཞིག་ཡོང་གི་ཡོད།

  ད་ལྟ་ཁྲོམ་རའི་ཐོག་མང་ཆེ་བ་ནི་སྨན་ཐང་ལུགས་ཀྱི་ཐང་ག་ཡིན་པ་དང་ཡུལ་སྐོར་ཁྲོམ་རའི་ནང་དྲན་རྟེན་ཐང་ག་གྲུ་བཞིར་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། གསར་འགོད་པས་ཡུལ་སྐོར་བ་ཡིན་ཁུལ་བྱས་ནས་ཐང་གའི་ཁྲོམ་རའི་ཐོག་བཅར་འདྲི་བྱེད་པར་སྐྱོད་སྐབས་ཡུལ་སྐོར་བ་དཀྱུས་མ་ཞིག་ཡིན་པ་ཤེས་རྗེས་ཁོང་ཚོས་སྒོར་100ནས་200བར་གྱི་ཐང་ག་གྲུ་བཞི་ཆུང་ཆུང་དེ་རིགས་ངོ་སྤྲོད་བྱེད་ཀྱི་འདུག

  ཐང་ག་ཚོང་ཁང་གི་སྦྱིན་བདག་ཅིག་གིས་གོང་ཁེ་ལ་ཁྱད་ཆོས་ཀྱང་ཆེན་པོའང་ལྡན་པའི་ཐང་ག་དེ་རིགས་ཉོས་ནས་རང་ཡུལ་དུ་ཁྱེར་རྗེས་རང་ཉིད་ཀྱི་ཁྱིམ་དུ་བཤམས་ནའང་འདྲ། ཡང་ན་གཞན་ལ་ལག་རྟགས་སྤྲད་ནའང་འདྲ། གང་ལྟར་འཚམ་པས་ཉོ་མཁན་ཡུལ་སྐོར་བ་མང་པོ་འདུག ཁྱེད་ཀྱིས་ཐང་ག་ཞིག་ཉོས་ཏེ་བསྒྲིལ་ནས་འཁྱེར་ན་ཡག་པོ་ཡོད། གལ་ཏེ་ལྷ་ས་ནས་པར་སྒྲོམ་རང་སྒྲིག་གི་ཐང་ག་ཉོས་ན་ནང་སར་འཁྱེར་བདེ་པོ་མེད་ཅེས་བཤད་བྱུང་།

དྲན་རྟེན་ཐང་གའི་ཡག་ཉེས་ཇི་ལྟར་འབྱེད་དགོས་སམ།

  མི་མང་པོ་ཞིག་གིས་སྤུས་ཚད་འགན་ལེན་ཐུབ་པའི་ཐང་ག་ཞིག་ཉོ་ཐུབ་པའི་རེ་བ་བྱས་ནའང་ཡུལ་སྐོར་བ་མང་ཆེ་བ་བས་ཐང་ག་ཇི་འདྲ་བྱས་ནས་འདེམས་དགོས་མིན་ཤེས་ཀྱི་མེད། ཚོང་ཁང་ནང་གི་ཐང་ག་ཚང་མ་འདྲ་པོ་ཡོད་པས། ད་འོ་ན་དྲག་པ་ཞིག་ཇི་འདྲ་བྱས་ནས་འདེམས་དགོས་སམ་ཞེ་ན། དེའི་ཕྱིར་བསྟན་འཛིན་ཕུན་ཚོགས་ཀྱིས་གསར་འགོད་པར་ཐབས་ཤེས་འགའ་ཞིག་བཏོན་པ་སྟེ།

  ཐང་ག་ཡག་ཉེས་ལྟ་བར་ཤེས་རྒྱ་ཆེན་པོ་དགོས།ཡིན་ནའང་དྲན་རྟེན་ཐང་ག་ཉོ་སྐབས་ཕྱོགས་འགའ་ཞིག་ལ་བལྟས་ནས་དབྱེ་བ་འབྱེད་ན་ཆོག ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས།

  མི་མང་པོ་ཞིག་གིས་ཐང་གར་སྤྱོད་པའི་ཚོན་རྒྱུ་ནི་རྡོ་ཚོན་ཡིན་པ་ཤེས་ཀྱི་ཡོད། རྡོ་ཚོན་ཇི་ལྟར་དབུར་ནའང་རྡོག་རིལ་ཆུང་ངུ་མི་ཉུང་བ་ཞིག་སྔར་བཞིན་ཐོན་གྱི་ཡོད་པས། རྩིང་ཤས་ཆེ་བ་དང་ལྷག་པར་དུ་ལྷ་འབྲི་བས་ཚོན་རྒྱུ་རྩུབ་ཙམ་སྤྱོད་རྒྱུར་དང་དོད་བྱེད་པ་དང་དེའི་ཁྲོད་རྡོ་ཚོན་ཞིབ་པར་དབུར་རྒྱུར་དང་དོད་བྱེད་པའི་ལྷ་འབྲི་བ་ཡོད་པ་ནི་སྨོས་ཅི་དགོས། རྡོ་ཚོན་འཇམ་པོ་བཏང་བའི་ཐང་གར་ལག་ཐོགས་ཁ་པར་གྱི་གློག་བཞུ་བརྒྱབ་ནས་ལྟ་སྐབས་གལ་ཏེ་འོད་འཕྲོ་བའི་རྡོལ་རིལ་ཆུང་ངུ་ཡོད་པ་མཐོང་ན་རྡོ་ཚོན་བཏང་བའི་ཐང་ག་རེད། གཞན་ཡང་རྡོ་ཚོན་གྱི་ཚོས་གཞི་སྔོན་པོ་དང་ལྗང་ཁུ་ནི་དམིགས་བསལ་ཆེ་ཤོས་ཡིན་པ་དང་ཚོས་གཞི་གཞན་ལ་མདངས་དེ་འདྲ་མེད། དེས་ན་ཐང་ག་ཉོ་སྐབས་ཐང་གའི་ནང་གི་ཚོས་གཞི་སྔོན་པོ་དང་ལྗང་ཁུ་བཏང་བའི་ཆ་ཤས་ལ་དོ་སྣང་ཆེན་པོ་བྱེད་དགོས་ཞེས་དང་རྡོ་ཚོན་ཕུད། ད་དུང་ཞལ་གསེར་ལའང་གཞིགས་ནས་ཡག་ཉེས་དབྱེ་འབྱེད་ཆོག་ཅིང་། ཞལ་གསེར་ཕུལ་བའི་ཐང་གའི་ཟུར་ཞིག་ལ་མ་ན་ཧོའམ་རྟ་ཀླད་བརྡར་ན། ཐང་ག་དྲག་གྲས་ལ་ལྟ་སྐབས་བརྡར་ས་ནས་འོད་འཕྲོས་ནས་མིག་ལ་མཛེས་པོ་ཡོད། གལ་ཏེ་གསེར་རྫུས་མ་ཡིན་ན་ཕྱོགས་གང་ནས་བལྟས་ནའང་བཀྲག་ཆེ་བ་ལས་གཞན་མེད་ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་བཤད་བྱུང་།

     ད་དུང་ཐང་གའི་འབྲི་རྩལ་ཡོངས་ལ་ལྟ་དགོས་པ་དང་ལྷག་དོན་དུ་མདངས་སྟོན་སྟངས་དང་། ཁོད་སྙོམས་ཚུལ། པིར་ཤུལ་ཡོད་མིན་བཅས་ལ་ལྟ་དགོས། ཐང་གའི་མདངས་སྟོན་སྐབས་ཁོད་སྙོམས་པོ་དང་བཅོས་མིན་ཞིག་དགོས་པ་ལས་རྫ་རེ་རྫོ་རེ་གཏོང་མི་རུང་ཞེས་དང་ཐང་ག་ཧྲིལ་པོའི་ཚོན་མདངས་གཅིག་གྱུར་དང་དོ་སྙོམས་པོ་དགོས་པ་ནི་སྨོས་ཅི་དགོས། ཡིན་ནའང་མ་གཞི་ད་ལྟ་ན་གཞོན་ལྷ་འབྲི་བ་ཚོས་མི་སྒེར་གྱི་ཉམས་འགྱུར་ཐང་གའི་ནང་མངོན་པ་བྱས་ནའང་སྲོལ་རྒྱུན་གྱི་རྩ་དོན་དང་མཐུན་པ་བྱེད་ཀྱི་ཡོད། གལ་སྲིད་དྲན་རྟེན་ཐང་ག་ཁོ་ན་ཉོ་མཁན་ཡིན་ཚེ་གོང་དུ་བརྗོད་པའི་ཐབས་དེ་དག་ལ་བརྟེན་ནས་དབྱེ་འབྱེད་བྱས་ན་འགྲིག་ངེས་རེད་ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་བཤད་བྱུང་།

ཡུལ་སྐོར་བས་དགའ་པོ་བྱེད་པའི་སྨན་ཐང་ལུགས་ཀྱི་ཐང་ག་།  རྣམ་དཔྱོད་རྩལ་ལས་འཁྲུངས་པའི་ཐང་ག་དེས། ཕྱོགས་བཞིའི་སྐུ་མགྲོན་མང་པོའི་ཡིད་དབང་ཕྲོགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1