༄༅།། རང་གི་སྐྱེས་སྐར་ལ་བྲིས་པའི་སྙན་ངག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-18


ཚེ་སྲོག་ཅིག་འཇིག་རྟེན་དུ་སླེབས་པ་ནི།

སེམས་པ་ཞིག་འཇིག་རྟེན་དུ་ལུས་པ་དང་འདྲ་སྟེ།

སེམས་པ་ཞིག་གི་ངོ་བོར་འཐིམས་པའི་རྣམ་ཤེས་ཀྱི་འབོད་པ་དེ་དག

ངང་སྒུག་དང་རེ་ལྟོས།  དྲན་གདུང་དང་ཞེན་ཆགས་ཀྱིས་གྲུབ་ཚུལ་ནི།

ད་ལྟ་ངའི་སེམས་པའི་རྩ་རྒྱུས་ཀྱི་ཕྲེང་བ་གཤགས་ཏེ་འོངས་ཤིང་།

དོན་ལྔ་སྣོད་དྲུག་གི་ལྒང་བུ་བསྐོར་ཏེ་བཞུར་བཞིན་པའི།

ཟུངས་ཁྲག་དྲོན་མོ་འདིས་བདེན་དཔང་བྱེད་ཐུབ།


ཚེ་སྲོག་གི་ཡང་རྩེར་འཛེགས་པ་ནས། 

འཇགས་རྒྱུ་མེད་པའི་སེམས་ཀྱི་འཕར་ལྡིང་འདི།

སླ་ངའི་མཐིལ་གྱི་ནས་འབྲུ་དང་འདྲ་བར།

ལྟོངས་ལས་ཤོར་བའི་གཞུ་རྒྱུད་དང་མཚུངས་པར། 

རི་ཆུ་ཁྲི་སྟོང་གི་ལམ་ཐག་ལྟར་གཡོས་འོངས།


ང་རྒྱང་ལ་ཕྱིན་པས།   ཁོ་ཚོ་ཕ་ཡུལ་དུ་ལུས་སོང་།

འོན་ཀྱང་།   མཚན་ནམ་རིང་མོའི་དུས་ཚོད་བསྐྱལ་དུས།

རྒྱང་རིང་གི  རྒྱང་རིང་གི་འབོད་སྒྲ་རེ་རེ།

ངའི་སྙན་ལམ་དུ་བབས་པའི་ཁུ་བྱུག་ལྟར་གྲགས་ཡོང་།

ངའི་སེམས་ངོ་ན་འཚེར་བའི་ཟླ་བ་ལྟར་འཆར་ཡོང་།

དྲན་གདུང་གི་སྐར་ཕྲན་འཚེར་དུས།   བཞུར་བཞིན་པའི་དུས་ཚོད་དེ་ནི།

རང་གི་སྐྱེས་སྐར་གྱི་ཉིན་མོ་ཡིན་པའང་དྲན་ཡོང་།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1