༄༅།། ཏུན་ཧོང་ནས་ཐོན་པའི《ཀོང་ཙེ་ལ་ཁྱེའུ་སྤྲུལ་པས་ལན་བཏབ་པ།》ཞེས་པའི་བྱུང་རབས་དང་ནང་དོན་སྐོར་ལ་རགས་ཙམ་དཔྱད་པ།

པདྨ་སྐྱིད། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། གངས་ལྗོངས་ཉི་གཞོན། སྤེལ་དུས། 05-18


  ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཀྱི་ཡིག་རྙིང་ནི་དུས་རབས་བདུན་པ་ནས་བཅུ་པའི་བར་གྱི་བོད་བཙན་པོའི་དུས་སྐབས་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་འགྱུར་སོགས་ཡི་གེར་བཏབ་པའི་ཤུལ་བཞག་རིག་གནས་རྣལ་མ་ཞིག་ཡིན་ལ། དེ་ནི་བོད་བཙན་པོའི་དུས་སྐབས་ཀྱི་སྤྱི་ཚོགས་ལམ་ལུགས་དང་། ཐོན་སྐྱེད་འབྲེལ་བ། རིག་གནས། ཆོས་ལུགས། དམག་དོན། གསོ་རིག སྐར་རྩིས་སོགས་ལ་ཞིབ་འཇུག་དང་། དེ་བཞིན་རྒྱ་གར་དང་རྒྱ་ནག་སོགས་མཐའ་འཁོར་གྱི་མི་རིགས་བར་གྱི་འབྲེལ་བ། མི་རིགས་གཞན་གྱི་ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་གོ། ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་ཁྲི་ཕྲག་ལྷག་བཞུགས་པ་ལས་ཕལ་ཆེར་ནང་ཆོས་སམ་ནང་ཆོས་དང་འབྲེལ་བའི་སྐོར་ཡིན་ཏེ། ལུགས་ཀྱི་བསྟན་བཅོས། བསྔོ་སྨོན་གྱི་ཡི་གེ གསོལ་འདེབས་སྐྱབས་ཐོ། མོ་ཡིག སྨན་རྩིས་སོགས་ཡིན་ལ། བོད་བཙན་པོའི་དུས་སྐབས་ཀྱི་རིག་གནས་ལོ་རྒྱུས་དང་ཆབ་སྲིད་དམག་དོན་དང་འབྲེལ་བའི་ཡིག་ཆའང་སྣ་ཅི་རིགས་ཤིག་འདུག དེ་དག་ལས་རྒྱ་བོད་རིག་གནས་འབྲེལ་འདྲིས་ལས་ཐོན་པའི་ཤུལ་བཞག་ཁྱད་ནོར་གལ་ཆེན་ཁག་ཅིག་སྟེ། ལོ་རྒྱུས་དང་རྩོམ་རིག་གི་རིན་ཐང་ཆེས་ཆེར་ལྡན་པའི་རྒྱ་ནག་གི་རུའུ་ལུགས་པའི་གཙུག་ལག་རིག་གནས་དཔེར་ན། 《诗经》《论语》 《尚书》སོགས་ཀྱི་འགྱུར་ཡིག་ཐན་ཐུན་ཡང་ཏུན་ཧོང་ཡིག་རྙིང་དུ་མཐོང་ཞིང་། དེ་དང་འབྲེལ་བའི་རུའུ་ལུགས་སྨྲ་བའི་གཙུག་རྒྱན་ཀོང་ཙེ་དང་ཁྱེའུ་ཞང་ཐུའོ་ཡི་འབྲེལ་ཡོད་ལོ་རྒྱུས་གཏམ་རྒྱུད་ཅིག་ཀྱང་ཁ་ཚང་དུ་འགྱུར་ཡོད་པར་མངོན། དེ་ཤོག་དྲིལ་སྣ་གསུམ་གྱི་ལམ་ནས་བཀྲམ་ཤིང་སོ་སོPelliot Tibetainn°992 དངPelliot Tibetain n°1284 IOL.Tib.J 729བཅས་སོ། ། ཨང་རྟགསP.T.992 དངP.T.1284 གཉིས་ནི་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་བཞུགས་ཤིང་ཤོག་དྲིལ་གྱི་མགོ་རྔ་ཚང་ལ་ངོས་གཙང་བས་ཤོག་དྲིལ་ངོས་ཀྱི་ཡི་གེ་ཤར་མར་ཀློག་ཐུབ། ནང་ཚནP.T.992ལ་བསྡོམས་པས་ཤོག་ངོས་བཞི་དང་ཐིག་ཕྲེང་དོན་ལྔ། P.T.1284 ནི་ཤོག་ངོས་གསུམ་དང་ཐིག་ཕྲེང་དོན་བཞིའི་བདག་ཉིད་ཅན། ཤོག་དྲིལ་འདིའི་མཇུག་ཏུ“ཞིག་ཧྭ་ཡན་ཀྱིས་བྲིས་སོ།།”ཞེས་པའི་མཇུག་བྱང་འཁོད་འདུག ཨང་རྟགསIOL.Tib.J729 ལ་ཤོག་ངོས་གསུམ་དང་ཐིག་ཕྲེང་རེ་དགུ ཤོག་ངོས་དང་པོའི་ཐིག་ཕྲེང་བརྒྱད་ཙམ་དང་ཤོག་དྲིལ་མཇུག་གི་ཐིག་ཕྲེང་དུ་མ་ཆད་སྟོང་དུ་གྱུར་འདུག་པས་མགོ་རྔ་ཅུང་ཆ་མི་ཚང་བར་མངོན། ཀོང་ཙེ་ལ་ཁྱེའུ་སྤྲུལ་པས་ལན་བཏབ་པ།》ཞེས་པ་ནི་རྒྱའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་རྒྱུད་ཅིག་ཡིན་ལ། དེ་ནི་ཁྲུན་ཆིའུ་ཀྲན་གོ་དུས་ནས་བྱུང་བར་མངོན། གཏམ་རྒྱུད་དེ་ཇི་ལྟར་བྱུང་བའི་བརྒྱུད་རིམ་ནི་ཆིན་རྒྱལ་རབས་སྔོན་དུ་བྱུང་བའི་ཁྱེའུ་ཞང་ཐུའོ་ལོ་བདུན་སྟེང་ཀོང་ཙེས་བླ་མར་བཀུར་བའི་ངག་རྒྱུན་བྱུང་། ཧན་རྒྱལ་རབས་སྔོན་དུ་ཁྱེའུ་གཉིས་བར་དུ་ཤགས་འགྱེད་པར་ཀོང་ཙེས་གཟུ་བྱེད་མ་ཐུབ་པའི་ངག་རྒྱུན་བྱུང་། ཝེ་དང་ཅིན། རྒྱལ་རབས་ལྷོ་བྱང་སྐབས་སུ་ཡང་ཁྱེའུ་ཞང་ཐུའོ་དང་ཀོང་ཙེར་འབྲེལ་ཡོད་ཀྱི་ངག་རྒྱུན་བྱུང་། དེ་ལྟ་བུའི་ཀོང་ཙེ་སྨྲ་སྒོ་འགག་པའི་ངག་རྒྱུན་རབས་དང་རིམ་པ་བྱུང་བར་མངོན། ཐང་རྒྱལ་རབས་ཀྱི་དུས་མགོར་ཁྱེའུ་ཞང་ཐུའོ་དང་ཀོང་ཙེ་གཉིས་ཤགས་འགྱེད་པའི་གཏམ་རྒྱུད་དེ་གཞི་ནས་གྲུབ། ཐང་རྒྱལ་རབས་གཞུག་ཏུ་གཏམ་རྒྱུད་དེ་དབུས་རྒྱུད་དང་ཏུན་ཧོང་། རིམ་བཞིན་བོད་ཡུལ་སོགས་ལ་དར་ཁྱབ་བྱུང་། མིང་རྒྱལ་རབས་གཞུག་ཏུ་ཐའེ་ཝན་ཏེ་ཀའོ་ཧྲན་རིགས་ཀྱི་སའི་ཆར་ཡངཀོང་ཙེ་དང་ཞང་ཐུའོའི་ཤགས་འགྱེད་གླུ།》(孔子项托论歌)དངཀོང་ཙེ་དང་ཁྱེའུའི་བར་གྱི་དྲིས་གླུ། 》 (孔子小儿答歌) སོགས་ཀྱི་གླུ་གཞས་དར་ཁྱབ་ཆེ། གཞན་ཉི་ཧོང་གི་གནའ་དེང་གསུང་སྒྲོམ་དུའང་གཏམ་རྒྱུད་འདི་དང་ཆ་མཐུན་པ་ཞིག་འདུག ཝེ་ཐེ་ནམ་གྱི་རྒྱལ་ས་ཧོ་ནེ་རུ་ཡོད་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ལྟེ་གནས་སུ་ཀོང་ཙེ་དང་ཞང་ཐུའོ་ཡི་གཏམ་རྒྱུད་ལག་བྲིས་མ་ཁག་གསུམ་བཞུགས་པ་སོ་སོར《西仲尼师项讬》 《孔子项讬问答书》ཞེས་དང་དེའི་གྲས་ཀྱི་ཡིག་ཚགས་གཅིག་ལ་ཁ་བྱང་མེད་པར་མངོན། གཞན་ཁོ་རེ་ཡ་སོགས་རྒྱའི་རུའུ་ལུགས་པའི་བསམ་བློས་དབང་སྒྱུར་བྱུང་བའི་རྒྱལ་ཁམས་དུའང་གཏམ་རྒྱུད་འདི་རིམ་བཞིན་དར་ཞིང་ཁྱབ། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལཀོང་ཙེ་ལ་ཁྱེའུ་སྤྲུལ་པས་ལན་བཏབ་པ།》ཞེས་པའི་ནང་གི་ཁྱེའུ་ཞང་ཐུའོ་ལ་སྤྲུལ་བའི་ཁྱེའུ་ཞེས་ཚིག་ཟུར་གྱིས་བརྒྱན་འདུག་པས་ཆོས་ལུགས་ཀྱི་ཤན་མངོན་གསལ་དུ་ཞུགས་ཟིན་པ་མཐོང་ངོ་། །

  ནང་དོན་གྱི་ཆ་ནས་ཤོག་དྲིལ་གསུམ་པོའི་བརྗོད་བྱ་ཕལ་ཆེར་གཅིག་ཏུ་ངེས་ཏེ། རྒྱའི་དམངས་ཁྲོད་དུ་གྲགས་ཆེ་བའི་ཀོང་ཙེ་དང་ཁྱེའུ་ཞང་ཐུའོ་གཉིས་ཤགས་འགྱེད་བྱུང་བའི་ལོ་རྒྱུས་གཏམ་རྒྱུད་དེ་རྣམ་དཔྱོད་ཡངས་པའི་སྔོན་རབས་བོད་ཀྱི་ལོ་ཙཱ་བས་སྒྲ་སྒྱུར་བྱས་འདུག་པ་དེའོ།། དེར་ཡང་གཏམ་རྒྱུད་ཧྲིལ་བོར་ཚན་པ་ཁག་གཉིས་ལས་གྲུབ། ཚན་པ་དང་པོར་སྔར་ཀོང་ཙེ་ཤིང་རྟ་ལ་ཞུགས་ཏེ་ཤར་ཕྱོགས་སུ་འཁྱམས་ཤིང་མཆིས་པར་ལམ་ཁར་ཁྱེའུ་གསུམ་རྩེ་བ་དང་མཇལ་ཞིང་དེའི་ཁྲོད་ཀྱི་ཁྱེའུ་གཅིག་དང་ཤགས་འགྱེད་ཀྱང་ཁྱེའུས་སྤྱང་གྲུང་ལྡན་པའི་ངང་ཤར་མར་ལན་བསྐྱོན་པར་ཀུང་ཙེར་ཤགས་མ་མཆིས་པར་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བའོ། ། ཚན་པ་གཉིས་པར་ཀོང་ཙེ་རེ་ཞིག་སྨྲ་སྒོ་འགག་ནས་ལན་མ་གློན་པར་ཤིང་རྟའི་ཁ་ལོ་བསྒྱུར་ནས་ལེ་བར་གསུམ་གྱི་བར་དུ་ཕྱིན་པ་དང་ལམ་ཁར་ཁྱེའུ་ཆུང་ངུ་ཞིག་གིས་ཆར་བྱེའུ་གསོད་ཀྱིན་པ་མཐོང་ནས་ཤིང་རྟ་བསྡམས་ཏེ་ཁྱེའུ་ལ་སྲོག་གཅོད་མི་རུང་བར་གདམས་པར་ཁྱེའུས་གཏན་ཚིགས་དང་མཐུན་ལ་འཇིག་རྟེན་མི་ཆོས་ཀྱིས་ཕྱུག་པའི་སྨྲ་བརྗོད་ཀྱིས་རྒོལ་ལན་སློག་པར་ཀོང་ཙེ་ཁེངས་པས་མ་བཟོད་པར་ཡང་བསྐྱར་ཤིང་རྟའི་ཁ་ལོ་བསྒྱུར་ནས་ཕྱིན་པར་གཏམ་རྒྱུད་ཧྲིལ་བོར་ཚིག་གསལ་ཞིང་གོ་བདེ་བའི་ལམ་ནས་ཁྱེའུའི་སྤྱང་གྲུང་དང་བློ་གྲོས་གསོན་ཉམས་ལྡན་པའི་ངང་མཚོན་པའོ། །

  མདོར་ན། ཀོང་ཙེ་ལ་ཁྱེའུ་སྤྲུལ་པས་ལན་བཏབ་པ།》ཞེས་པའི་འགྱུར་ཡིག་ཁག་གསུམ་ནི་ཚིག་སྡུད་ཆེ་ལ་འབྲུ་མཉམ་པ། དབྱངས་ཀྱི་འདེགས་འཇོག་ཤུགས་ཆེ་བའི་མ་ཡིག་གི་རྩོམ་གཤིས་བཟང་པོ་དེ་རྒྱུན་འཁྱོངས་བྱས་འདུག ཚིག་སྡུད་ཆེ་ཞིང་སྡེབ་ལེགས་པ། ཁ་གསལ་ཞིང་གོ་བདེ་བ། གསན་ན་རྣ་བར་སྙན་ལ། བློ་སྒོ་འབྱེད་པ་བཅས་ཀྱི་དགེ་མཚན་མ་ལུས་གསལ་བར་ཐོན། མི་ལོ་སྟོང་གི་དུས་ཡུན་འགྱངས་ན་ཡང་། ད་ལྟའི་དུས་ལ་ཤར་མར་ཀློག་ཐུབ་པ་དང་། དོན་གྱི་རྣམ་གཞག་བློ་ངོར་ཝ་ལེར་འདྲོངས་ནུས་པས་སྔོན་བྱོན་ལོ་པཎ་དག་གི་སྒྲ་བསྒྱུར་ལོ་ཙཱའི་རྣམ་དཔྱོད་ཀུན་ཏུ་ཡངས་པ་མཚོན་ཡོད་ལ། བརྗོད་བྱ་རྗོད་བྱེད་གང་ནས་ཀྱང་ཁྱད་ཆོས་གང་མང་མཆིས་པས་དམངས་ཁྲོད་རྩོམ་རིག་གི་འགྱུར་ཡིག་ཁྲོད་ནས་དཔེ་མཚོན་ཅན་དུ་བགྲངས་ནུས་སོ། །

《མཚོ་སྔོན་བོད་ཡིག་གསར་འགྱུར། 》ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1