༄༅།། རྒྱལ་རོང་དུ་ཞང་ཞུང་གནས་ཆེན་ཁག་ཇི་ལྟར་བྱུང་བའི་སྐོར་ལ་ཅུང་ཙམ་དཔྱད་པ།

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས། ཝེ་ཁེ་རིག་མཛོད་དྲ་བ། སྤེལ་དུས། 05-23


  རྒྱལ་རོང་ལ་སྟོན་པ་གཤེན་རབ་དང་དེའི་རྗེས་འཛིན་བོན་གཤེན་རིག་འཛིན་གྲུབ་བརྙེས་མང་པོ་ཕེབས་པ་དང་རླབས་ཆེན་སྐྱེས་ཆེན་མང་པོ་འཁྲུངས་མྱོང་བས། རྒྱལ་རོང་དུ་དེ་དག་གིས་བྱིན་གྱིས་བརླབས་པའི་གནས་ཆེན་མང་པོ་ཡོད། གནས་ཆེན་དེ་དག་གི་གཙོ་བོ་ནི་བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་བྱིན་གྱིས་བརླབས་པའི་རིག་འཛིན་མཁའ་འགྲོ་འདུས་པའི་གནས་རི་རྒྱལ་མོ་དམུ་རྡོ་དང་། རྒྱལ་མོ་དམུ་རྡོའི་ལྷོ་ཕྱོགས་ཀྱི་གནས་རིའམ་རྒྱལ་མོ་དམུ་རྡོའི་ལྷོ་ཕྱོགས་ཀྱི་རྒྱ་སྒོ་གནས་ཕྲན་ནང་ནས་གནས་ཕྲན་གཙོ་བོ་ཡི་དམ་ཞི་ཁྲོའི་གནས་རི་སྟེ། 1.རྒྱལ་རོང་འབྲུག་རི་ཁྱུང་མགོ་ད་ལྟ་གནས་མགོ་གཡུང་དྲུང་རྫོགས་ཆེན་གླིང་ཆགས་ས་དེ་ཡིན། 2.ཡི་དམ་དབལ་གསས་རྔམ་པའི་གནས་རི་ཨ་རྒན་སྐུ་བླ་གཡུང་སྣ། 3.ཡི་དམ་གཙོ་མཆོག་གི་གནས་རི་ཁ་བ་རྟག་བརྟན། 4.ཡི་དམ་གེ་ཁོད་ཀྱི་གནས་རི་ཁོག་ཡུལ་ཤེལ་རྫོང་།5.ཚེ་སྒྲུབ་ཀྱི་གནས་ཞལ་དཀར་ལྷ་རྩེ། 6.མ་རྒྱུད་ཀྱི་གནས་ཁོག་ཡུལ་རི་ནག 7.སྲིད་རྒྱལ་གྱི་གནས་རི་ལྷ་མོ་རྩེ། 8.དྲན་པ་མཚན་བརྒྱད་ཀྱི་གནས་རི་གཉན་ཆེན་དཔྲའུ་དགུ་རྫོང་། 9.གཉན་ཆེན་བསེ་ཡག 10.ཁྱུང་དམར་གྱི་གནས་རི་གཡུང་དྲུང་ལྷ་རྩེ། གནས་འགོའི་ཤར་གྱི་གནས་རི། 1.མ་རྒྱུད་ཀྱི་གནས་རི་བྲག་དཀར་གཡུང་དྲུང་སྒྲུབ་ཕུག སྟག་བཙན་འགུ་ཡ་ནག་པོའི་གནས་རི། 2. སྒྲ་བླ་མོའི་གནས་རི་སུམ་པ་རི། 3. རོང་མི་ཕོ་བྲང་སྟེང་མེ་རི་གྱེར་ཕུར་གྱི་གནས། 4.བཙན་ལྷ་གཡུང་དྲུང་གླིང་འ་ཞ་སྒྲུབ་ཕུག དམུ་རྡོའི་བྱང་ཕྱོགས་ཀྱི་གནས་རི། 1.དབལ་གསས་ཀྱི་གནས་རི་བཅོ་བརྒྱད། 2.སྐུ་བླ་སྨན་མོ། 3.བེེ་རོའི་སྒྲུབ་ཕུག 4.རྐུབ་རོ་གཡུང་དྲུང་གླིང་གནས། རྒྱལ་མོ་དམུ་རྡོའི་ནུབ་ཕྱོགས་ཀྱི་གནས་རི། 1.གནས་ཆེན་དབལ་རོང་དྲག་པོ་སྟག་ལྷ་མེ་འབར། 2.གནས་ཆེན་ཐུགས་རྗེ་ཆེན་པོ། 3.ཁྱུང་ཁུ་ཤེལ་གྱི་མཆོད་རྟེན། 4.ཀ་ཀི་ཉི་མ་རང་ཤར་སེང་གེ་དགོན། 5.འཕྲེང་གནས་དགེ་ལྷ། 6.གཡུང་དྲུང་ལྷ་རི། 7.གབ་ཏོག་ཤེལ་གྱི་རྡོ་རིང་། 8.དབལ་བོན་སྟོག་ལྷ་མེ་འབར་གྱི་གནས་རི་སྟག་སྣ། 9.བམ་ཆེན་ཚལ་རི་གནས། 10.མདའ་མདོ་དབལ་རི་སྟག་ལྷ་སྤུ་གྲི་ནག་པོའི་སྒྲུབ་གནས། 11.གསང་ཆེན་རི་ཁྲོད༼རང་གིས་གསར་བཞེངས་བྱས་པ་ཞིག་ཡིན། ༽ 12.རྒྱ་བོན་ཟིང་པ་མཐུ་ཆེན་གྱིས་གནས་སྒོ་ཕྱེས་པའི་གོར་དགུ་འཛམ་གླིང་པད་མ་ཤེལ་ཕུག ད་དུང་གནས་རི་ཤིན་ཏུ་མང་པོ་ཡོད་མོད་ད་ལྟ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ཐོག་གནས་འགའ་ཤས་མ་གཏོགས་མ་ངེས་པས་རྗེས་སུ་འདིའི་སྐོར་གྱི་དེབ་ཅིག་ཕུད་རྩིས་ཡིན་པས་འདིར་ཞིབ་མོ་བྲིས་མེད། མདོར་ན་དེ་དག་ནི་རྒྱལ་མོ་དམུ་རྡོ་དང་གཙོ་འཁོར་གྱི་ཚུལ་དུ་རི་ཕྲན་དྲུག་ཅུས་དམུ་རྡོའི་མཐའ་ནས་བསྐོར་ཡོད་པས་རྒྱལ་རོང་ནི་ལྷ་བླ་མ་ཡི་མཁའ་འགྲོའི་བྱིན་བརླབས་འབར་བའི་སྒྲུབ་གནས་སོ་བདུན་གྱི་གྲས་སུ་གཏོགས་པ་མ་ཟད། བཤད་རྒྱུན་དུ་རྒྱལ་རོང་གནས་ཆེན་འདི་དག་ཡི་དམ་ཀུན་འདུས་ཀྱི་དཀྱིལ་འཁོར་ཆ་ཚང་ཞིག་ཏུ་གྲུབ་ཡོད། ཆུ་མིག་ཡན་ལག་བརྒྱད་ཅུའི་ལྷུང་ལྷུང་གི་བཞུར་སྒྲ་འཕྱོ་ས། ཆུ་བཞི་སྒང་དྲུག་གི་ནང་ཚན་རྒྱལ་མོ་རྔུལ་ཆུའི་འཇགས་མེད་ཀྱི་རླབས་རྒྱུན་འབབ་ས། རྩྭ་རྩི་ཤིང་གི་དྲི་བསུང་ཕྱོགས་བཞིར་འཐུལ་ས་སོགས་ས་ཡི་དགེ་བའི་ལེགས་ཚོགས་ཀྱི་མཚན་མ་ཡོངས་སུ་མངོན་ས་སོགས་ཆེས་མཛེས་སྡུག་གི་ཡུལ་གྲུ་ལྟ་ན་སྡུག་པའི་ཞིང་མཆོག་གཅིག་ཏུ་གྲུབ་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1