གཙོ་ངོས།>> རྩོམ་རིག>>སྒྲུང་གཏམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༥ཚེས་༢༤ཉིན།

༄༅།། གཏན་དུ་འཚོ་བའི་ཉེས་ཅན།

  ཁོ་རང་ཡར་ལུང་གཙང་འགྲམ་ནས་མི་ལོ་ཆིག་སྟོང་འགར་འུ་ཐུག་ཐབས་ཟད་ཀྱིས་ལྷགས་པས། ད་ལྟ་དངོས་ནས་ཐང་ཆད་འདུག  ཁོས་རི་ལམ་གྱི་ཀྱོག་ཁུག་དེ་ནས་འཚོ་ལམ་ཉག་ཕྲ་བའི་ལམ་ཕྲན་ཞིག་རྒྱུ་མ་འདེད་འདེད་བྱས་ཀྱང་གཡང་གཟར་གྱི་རྫ་ལུང་དེ་རུ་འཚོ་རྟེན་གྱི་སྡོད་གནས་འབའ་ཞིག་རྙེད་པའང་སྟེས་དབང་མིན།

  ཨ་རོགས། ཁྱོད་སུ་ཡིན།
  ང་ང་ཡིན།
  ཁྱོད་གང་ནས་འོང་།
  འཛམ་གླིང་སྒལ་ཚིགས་ཀྱི་ཡང་སྟེང་ནས།
  ཁྱོད་ལ་ཉེས་པ་ཨེ་ཡོད།
  ཁྱི་ཁ་ཚུམས།
  འོ་ན་ཁྱོད་ཀྱི་གདོང་ཤ་ནག་པར་ལྟོས་དང་།
  ཁྱི་ཁ་ཚུམས།
  འོ་ན་ཁྱོད་ཀྱི་སྣའི་གཟེངས་མཐོ་དོན་ཅི་ཡིན།
  ཁྱི་ཁ་ཚུམས།
  འོ། དེ་ནི་ནུབ་གླིང་གི་ཁྲིམས་ལུགས་པ་ལུང་པཱོ་ལའོ་སོའི་ལྟ་བ་རེད། ཁྱོད་ཀྱིས་ང་ལ་ངན་ཁག་དཀྲིས་མི་ཆོག
  དུས་རབས་གང་གི་ཆར་གཏོགས་པ་མི་ཤེས་པའི་ཁྲིམས་དཔོན་སྐུ་བརྗིད་པོ་དེ་བཞུགས་ཁྲིའི་སྟེང་ཧོར་འདུག་ཅིག་བྱས་པས། གཡས་གཡོན་གྱི་ཆེན་ཆུན་གཉིས་ཀྱང་ཡེར་སེ་བཏང་། གསལ་ཞིང་རྩེར་སྐྱོན་ཅིག་ཅེས་ཁྲིམས་དཔོན་དེ་ཤིན་ཏུ་ཁྲོས་པ་ལོས་ཡིན། ཁྲིམས་ཤིང་ལེབ་མོས་མདུན་ཅོག་སྟེང་དུ་བྲག་ཅ་འཁོར་བ་ཞིག་བརྒྱབ།
  བྲམ་ཟེ་མདོག་ནག་ཨེ་ཤེས།
  མི་ཤེས།
  རྒྱ་གར་བ་རེད།
  ངས་ཤེས།
  ངེད་ཅག་བོད་ནའང་དེ་ལྟ་བུའི་ཁྲིམས་སྲོལ་ཡོད།  ཁྲིམས་དཔོན་སྐུ་བརྗིད་པོ་དེས་མ་ནེ་ཉིས་བརྩེགས་སྟེང་གི་སྨྲ་ར་སེར་པོ་བྱིལ་བྱིལ་ཡང་ཡང་བྱས།
  སྐབས་དེར་གཤིན་རྗེ་ལས་མཁན་འདྲ་བ་གཉིས་སོ་ཤ་ཀྱིག་ཀྱིག་ངང་ཚུར་ཐོན་དེ་བྱ་གླག་གིས་བྱེའུ་ཆུང་བཟུང་བ་ཇི་བཞིན་ཁོའི་གཉའ་བར་བཟུང་སྟེ་རྟ་རོ་འདྲུད་འདྲུད་བྱས། མི་གསོད་ཀྱི་ཁྲིམས་ར་དེ་ཡ་ང་བའི་དུར་ཁྲོད་ཅིག་དང་འདྲ་བར་བྱ་འུག་གི་ཧབ་ཆ་དིར་དིར་སྒྲོག་ཅིང་། ཀི་ཀི་བསོ་བསོ་ཡི་འུར་སྒྲས་ནམ་མཁའི་ལྷ་ཡང་ཁྲི་ལས་ཕབ་པར་བྱེད། ཁོས་མྱུར་དུ་ཝ་ཞྭ་ཚིལ་སྟུག་ཅན་དེ་རུམ་ལ་འཇུག་ཞོར་དུ་རྨ་རྒྱལ་སྦོམ་རའི་ཕྱོགས་སུ་སྐུམ་ཕྱག་གསུམ་འཚལ་རྗེས། མཆོད་ཨོཾ་ཨཱཿཧཱཾ། གནམ་སྐྱོང་གོང་མ་རྒྱལ་མོ། གནམ་ས་ཕ་མ་བཞིན་དུ། ས་བཅུ་བ་ཐོབ་པའི་ཨ་མྱེས་རྨ་ཆེན། རྨ་འཁོར་སྟོང་དང་ལྔ་བརྒྱ། རྨ་གཉེན་གྱི་སྐྱེས་ལྷ་བཅུ་གསུམ……ཞེས་གཞི་བདག་ལ་འབོད་པ་བཏང་།
  ང་ལ་ཞལ་ལྕེ་བཅུ་དྲུག་ལས་ཉེས་མིང་ཤོད།
  ཉེས་ཅན་འདི་ཁ་ཕོ་ཆེ་བར་ལྟོས་དང་།
  ཤོད་ཡ།
  ཉེས་ཅན་འདིར་ཞལ་ལྕེ་ཆོད་ཅིག
  ལེགས་སོ་ཞེས་ད་ཅིའི་སོ་ཤ་ཀྱིག་ཀྱིག་ངང་ཚུར་ཐོན་པའི་ལས་མཁན་གཉིས་ཀྱིས་ལག་ཏུ་རལ་གྲི་འོད་ཀྱིག་ཀྱིག་ཅིག་བསྣམས་ཏེ་ཚུར་བཅར་འོང་བ་ན། ཁོའི་བྱིན་པ་གཉིས་རླུང་གིས་སྐྱོད་པ་བཞིན་འདར་སིག་སིག་བྱས།
  ཁོ་རང་དངོས་ནས་ཐང་ཆད་འདུག ད་སོ་མ་ལུག་རྫི་ནས་ཐོན་ཏེ་ཐ་ན་ཆུང་མས་བླུད་པའི་འོ་ཇ་དཀར་ཡོལ་གང་བོའང་བཏུང་མ་ཐུབ། ཁོའི་ཐོད་མདུན་གྱི་རྨ་ཁ་ཟབ་མོ་དེ་ནི་ཁ་སང་གི་ཞེ་སྡང་ཡིན་ལ་དེ་རིང་གི་སྐྱོ་གར་ཡང་ཡིན་ལས་ཆེ། རྒྱུ་འབྲས་ལ་བསླུ་བ་མེད་པ་ཁོ་རང་ཉིད་ལ་མཚོན་ན་རང་གཤིས་སུ་གྲུབ་ཀྱང་། རང་གཤིས་ལ་ཆག་གྲུམ་ཤོར་བ་སུས་ཀྱང་ཚོར་མེད། གང་ལྟར་ཡང་དེ་རིང་བོད་ལོའི་ཚེས་བརྒྱད་རེད། ཉིན་ནག་གི་ཉི་མ(ནག་ཆེན།) མི་དམངས་ཁྲིམས་ཁང་གིས་ཁོ་རང་བཙོན་དུ་བཀག
  ཨ་རོགས་ཁྱོད་ཀྱི་མིང་ལ་ཅི་ཟེར།
  ང་ལ་ཉེས་པ་མེད།
  དེས་ན་ཁྱོད་ཀྱི་ཐོད་པའི་རྨ་ཤུལ་དེ།
  ངས་ཀྱང་མི་ཤེས།
  ཁྱོད་ཀྱིས་རང་གི་བུ་མོ་བྲག་ལ་ལྕེབས་སུ་བཅུག་དོན་ཅི།
  ངའི་བུ་མོ་ནི་ཤི་ཡང་རོ་བདག་ང་དང་གསོན་ཡང་མི་བདག་ང་ཡིན།
  ཁྲག་དམར་ལུང་བ་ནས་ཁྱེད་ཚང་གི་མི་རྟ་དུ་ཤི་ཟིན།
  ཁྱོད་ལ་འབྲེལ་བ་མེད།
  ཁོས་འཆལ་གཏམ་ཁོ་ན་སྒྲོག་པ་ལས་ཉེས་དོན་ལ་བདེན་དཔང་ཡེ་ནས་བྱེད་དཀའ། ཁོ་རང་ཇོ་མོ་གླང་མའི་གཅེས་ཕྲུག་ཏུ་གྱུར་པ་ནས་བཟུང་གདོན་རྫས་ཀྱི་བྱ་ངན་མང་དུ་བསྒྲུབས་མྱོང་ཡང་། ཁོ་ལ་ཅི་ཁག  ཁོ་རང་རྙིང་ཞེན་དང་བག་འཁུམས་ཁྲོད་དུ་ནམ་ཡང་འཚོ་དགོས་ལ་རྨོངས་མུན་དང་སྒྱིད་ལུག་ཁྲོད་དུ་ཅིས་ཀྱང་གསོན་དགོས། དེ་ནི་ཇོ་མོ་གླང་མས་ཁོ་ལ་གནང་བའི་ལས་དབང་གི་ཐོབ་ཐང་ལགས་པས། ཁོ་རང་ལན་པ་མིན།
ཉེས་ཅན། ཁྱོད་ཀྱིས་དྲང་མོར་བཤད་ཚེ་དཀོན་མཆོག་གིས་ཁྱེད་ལ་གུ་ཡངས་བྱེད་གཏང་ངེས།
  མཚོ་སྔོན་པོ་འགྲམ་དུ་འབུལ་བ་མང་ཟེར་བ་ང་མིན་ཡ།
  འོ་ན་སུ་རེད།
  ང་རང་ཐེངས་འགར་མ་གཏོགས་སྤྲུལ་སྐུར་བརྫུས་མ་མྱོང་།
  ནག་རྫས་རྣམས་གང་ན་ཡོད།
  བུ་ཆུང་བཙོན་གྲོལ་དུ་གཏོང་དུས་ལྟག་སྒོ་ལ་བརྗེས་ཟིན།
  ཁྱོད་ཀྱི་བུ་ཆུང་ལ་ཅི་ཉེས་པ་ཡིན།
  གཞན་པའི་ཆུང་མར་སྤྱད་པས།
  ······
  ཚང་མའི་བློ་ཡུལ་ལས་འདས་པ་ཞིག་ནི་ཁོ་རང་ལ་ཉེས་ཆད་བཅད་དེ་ཤི་ཟིན། དངོས་ནས་བསད་ཟིན་པ་འདྲ། རྣར་མི་འགྲོ་ན་ཁོ་ཚང་གི་མནའ་མས་བཙས་པའི་བྱིས་པ་དེའི་ཀླད་པའི་ཕྱི་ལྟག་ན་དམར་ཤ་གོར་ཐིག་ཅིག ཐམས་ཅད་ཀྱིས་བཤད་ན་ཁོའི་རྣམ་ཤེས་རེད་ཟེར། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1