《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》 གི་སྨྱན་སྦྱོར་བརྗེ་རེས་བཞུགས་མོལ་ཚོགས་འདུ་ཁྲིན་ཏུའུ་རུ་འཚོགས།

ཚེ་དཔལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 05-24


སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་གཙོ་གཉེར་བ་ཝང་ཝེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བཞིན་པ། 

         སྤྱི་ཟླ་5པའི་ཚེས་23ཉིན། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གིས་《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》གི་གཙོ་སྒྲིག་པ་དང་ནན་ཅིང་སློང་གྲྭ་ཆེན་མོའི་གསར་འགྱུར་སློབ་གླིང་ཞིབ་འཇུག་ཁང་གི་འགན་འཛིན་པ་ཧྥང་ཡན་མིང་དང་། ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་དཔེ་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་ཉེ་ཡིང་། ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་གཞུང་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡུས་པོ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་སློབ་གསོ་ཚན་རིག་སྐད་ཡིག་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་ཡུའེ་ཅ། དེ་མིན་ཁྲིན་ཏུའུ་ཡི་བོད་ཡིག་སྨྱན་སྦྱོར་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་རམས་པ་དག་གདན་ཞུ་བྱས་ཏེ་《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》གི་དཔྱད་འབྲས་དང་སི་ཁྲོན་བོད་ཁུལ་གྱི་བོད་ཡིག་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པར་ཇི་ལྟར་ཤུགས་སྣོན་བྱེད་དགོས་པ་སོགས་ཀྱི་གནད་དོན་ཐད་ལ་བགྲོ་གླེང་མཛད། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་གཙོ་གཉེར་བ་ཝང་ཝེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། 

《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》གི་གཙོ་སྒྲིག་པ་ཧྥང་ཡན་མིང་གིས་གཏམ་བཤད་གནང་བཞིན་པ། 

        ཚོགས་འདུའི་ཐོག་《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》གི་གཙོ་སྒྲིག་པ་ཧྥང་ཡན་མིང་གིས་ཞིབ་འཇུག་བྱ་གཞི་འདིའི་ཐོག་མའི་ཀུན་སློང་དང་ཡུལ་དངོས་བརྟག་དཔྱད། ཤོག་འདྲི་འགྲེམ་སྤེལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་བརྒྱུད་བོད་ཡིག་སྨྲན་སྦྱོར་གྱི་ཤུགས་རྐྱེན་ནུས་ཤུགས་ཐད་ཀྱི་གནད་དོན་ལ་རེ་འཆར་བཏོན། 

       《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》ཅེས་པའི་དེབ་འདིར་གཙོ་བོ་འདྲི་ཤོག་འགྲེམ་སྤེལ་དང་བཅར་འདྲི། ཞིབ་བསྡུར། དབྱེ་ཞིབ་སོགས་ཀྱི་ཞིབ་འཇུག་ཐབས་ལམ་སྤྱད་དེ་བོད་ཡིག་གི་ཚགས་པར་དང་དུས་དེབ། རླུང་འཕྲིན། བརྙན་འཕྲིན། དྲ་བའི་སྨྱན་སྦྱོར་བཅས་ཀྱི་མིག་སྔའི་གནས་བབ་དང་གནད་དོན་སོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། རྒྱ་བོད་ཡིག་རིགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པས་བོད་ཡིག་སྨྱན་སྦྱོར་ལས་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན། ཆེད་དེབ་འདིར་ཁྱོན་བསྡོམས་ལེའུ་བདུན་གྱིས་གྲུབ་སྟེ། ལེའུ་དང་པོ། ཀྲུང་གོའི་བོད་སྐད་ཡིག་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་རགས་བསྡུས། ལེའུ་གཉིས་པ། བོད་རིགས་ས་ཁུལ་དུ་སྤྱི་བཏང་སྨྱན་སྦྱོར་ལྟ་ཉན་མཁན་གྱི་བརྟག་དཔྱད་འདྲི་ཤོག་གི་དབྱེ་ཞིབ་སྙན་ཞུ། ལེའུ་གསུམ་པ། ལྷ་ས་གྲོང་ཁྱེར་གྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པར་ཁ་པར་ཐོག་ནས་བརྟག་དཔྱད་དབྱེ་ཞིབ་བྱས་པའི་སྙན་ཞུ། ལེའུ་བཞི་བ། རང་རྒྱལ་བོད་ཡིག་ཚགས་པར་གྱི་ཀློག་པ་པོར་བརྟག་དཔྱད་བྱས་པའི་དབྱེ་ཞིབ་སྙན་ཞུ། ལེའུ་ལྔ་པ། རང་རྒྱལ་གྱི་བོད་ཡིག་ཚགས་པར་གྱི་ཀློག་པ་པོར་བརྟག་དཔྱད་བྱས་པའི་དབྱེ་ཞིབ་སྙན་ཞུ། ལེའུ་དྲུག་པ། རང་རྒྱལ་གྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་ལས་ཞུགས་མི་སྣའི་བརྟག་དཔྱད་དབྱེ་ཞིབ་སྙན་ཞུ། ལེའུ་བདུན་པ། བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པའི་གནད་དོན་སྐོར་གྱི་བསམ་གཞིག་བཅས་སོ།།

ཚོགས་འདུའི་ཡུལ་དངོས། 

         ཞིང་ཆེན་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། སི་ཁྲོན་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་པར་གཞིའི་《 གངས་ལྗོངས་འཕྲིན་གསར།》སོགས་བོད་ཡིག་སྨྲན་སྦྱོར་ཀྱི་འབྲེལ་ཡོད་འགན་ཁུར་བས་《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་སྨྱན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》ལ་ཚད་མཐོ་བའི་གདེང་འཇོག་གནང་བར་མ་ཟད། གོམ་གང་མདུན་སྤོས་སྒོས་བོད་ཡིག་སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་ཤུགས་དང་སྐད་གཉིས་མི་སྣ་སྐྱེད་སྲིང་། ལག་རྩལ་བཅོས་བསྒྱུར། སྨྱན་སྦྱོར་མཐུན་སྦྱོར་སོགས་ཀྱི་ཐད་ཀྱི་བསམ་འཆར་བཏོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1