༄༅།། གླིང་སྒྲུང་ལས་གནའ་རབས་བོད་རིགས་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་རགས་ཙམ་དཔྱད་པ།

ཚེ་རིང་སྒྲོལ་མ། གཅོད་པ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྩེར་སྙེག སྤེལ་དུས། 05-30


སྤྱིར་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྱུར་བཤུལ་ལམ་ཁྲོད་བུད་མེད་ཀྱི་སྤྱི་ཚོགས་ཐོབ་ཐང་དང་གོ་གནས་ཐད་འགྱུར་ལྡོག་སྣ་ཚོགས་ཤིག་བྱུང་ཡོད་ལ། ཁྱད་པར་དུ་བྲན་གཡོག་ལམ་ལུགས་ནས་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་སླེབས་རྗེས་བུད་མེད་ཀྱི་ཐོབ་ཐང་དང་གོ་གནས་ཧ་ཅང་དམའ་བར་ཕྱིན་པ་དེ་ནི་སྤྱི་ཚོགས་ལོ་རྒྱུས་ཀྱི་ཡོངས་ཁྱབ་སྣང་ཚུལ་ཞིག་ཏུ་གྱུར་ཡོད་པ་དང་། དེའི་སྐོར་གྱི་སྣང་ཚུལ་སྣ་ཚོགས་ནི་སྔོན་གྱི་བསྟན་བཅོས་ཁག་དང་ཁྱད་པར་དུ་རྩོམ་རིག་གི་བརྩམས་ཆོས་ཁག་ལས་རྒྱ་ཆེར་མངོན་ཡོད་པ་རེད། དེའི་ཕྱིར་བོད་ཀྱི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་རྩོམ་རིང་མོ་སྟེ་གླིང་སྒྲུང་དུའང་བུད་མེད་ཀྱི་གོ་གནས་སྐོར་ལ་འཕོ་འགྱུར་དང་གཅིག་གྱུར་མ་ཡིན་པའི་འདུ་ཤེས་ཤིག་ཡོངས་ཁྱབ་ཏུ་མཐོང་ཐུབ་པ་རེད།

དང་པོ། གླིང་སྒྲུང་ལས་གནའ་རབས་བོད་རིགས་བུད་མེད་ཀྱི་གོ་གནས་མཐོ་བའི་སྣང་ཚུལ་སྐོར།

སྤྱིར་གླིང་སྒྲུང་ལས་བུད་མེད་ལ་གདེང་འཇོག་བྱས་པ་ནི་སྲོལ་རྒྱུན་གྱི་བུད་མེད་ལ་འཛིན་པའི་ལྟ་ཚུལ་དང་ཧ་ཅང་མི་མཐུན་པར་ཆེ་ས་ནས་ཆབ་སྲིད་དམག་དོན་དང་དམའ་ས་ནས་ཁྱིམ་ཐབ་སོགས་ཀྱི་ཕྱོགས་ལ་བློ་དང་རིག་པ་གང་ཐུབ་ཅི་མཁོ་བསྐྲུན་བྱས་ཡོད་པ་མ་ཟད། བུད་མེད་ཀྱི་གཟུགས་བརྙན་ཧ་ཅང་ཁྱད་མཚར་བོ་ཞིག་བསྐྲུན་ཏེ་སྟེང་ཕྱོགས་སུམ་ཅུ་རྩ་གསུམ་གནས་ནས་ཨ་ནེ་གོང་མ་རྒྱལ་མོ་དང་། གླིང་གེ་སར་གྱི་མ་ཡུམ་འགོག་བཟའ་ལྷ་མོ། རྒྱལ་མོ་ཆེ་བ་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ། ཆུང་བ་མེ་བཟའ་འབུམ་སྐྱིད། བདུད་མོ་ཨ་སྟག་ལྷ་མོ། ནེའུ་ཆུང་ལུ་གུ་ཚར་ཡག་ལྡན་བཟའ་སོགས་ཇ་མ་མིང་ཆེན་བཅོ་བརྒྱད་དང་གཡོག་མོ་ཚང་མ་བློ་རིག་རྒོད་ཅིང་མཁྱེན་དཔྱོད་ཡངས་པ་འདོད་པ་ཆུང་ཞིང་ཆོག་ཤེས་ཡོད་པ། སྐྱེས་གཟུགས་མཛེས་པ་འགྲན་ཟླས་དབེན་པ་བཅས་ལྟ་བའི་ཆོག་མི་ཤེས་པའི་མཛངས་མའི་ཡོན་ཏན་དང་ལྡན་ལ། ཁོང་ཚོའི་སྐྱེས་ཡུལ་ཁྱད་དུ་འཕགས་པའི་ལྷ་ཡུལ་དང་ཀླུ་རྒྱལ་བོའི་སྲས་མོ་སོགས་སུ་བཞེངས་བསྐྲུན་བྱས་ཡོད་པར་མ་ཟད་གནའ་བོའི་བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལྟར་ཁྱིམ་ཚང་ནང་གི་ནང་ལས་དང་། བུ་ཕྲུག་གསོ་སྐྱོང་། རྒན་པར་ལྟ་རྟོག་ཇ་ཕུད་ཆང་ཕུད་སོགས་ཀྱི་ཟས་རིགས་མཆོད་པ་དང་། སྒོ་ཕྱུགས་འཚོ་སྐྱོང་དང་། ཐགས་ལས་ལ་སོགས་ཀྱི་ངལ་རྩོལ་གྱི་གོམས་སྲོལ་དང་། ད་དུང་སྲིད་དོན་དང་གཡུལ་ཐབས་ཀྱི་འདུན་གྲོས་སོགས་ལའང་དབང་བ་རེད། གླིང་གི་གཙོ་མོ་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོརབདུད་འདུལལས། "ང་ཤ་ཁྲག་གཟུགས་སུ་གྲུབ་ན་ཡང་། ། སྒྲོལ་མ་དཀར་མོའི་སྤྲུལ་བ་ཡིན། །"(P38)"སྨད་ཁྱོད་འདྲའི་ན་ཆུང་མཚར་མོ་ཞིག ། བོད་མ་བརྒྱའི་པང་ལ་སྐྱེ་ཚུལ་མེད། ། དེ་སྐྱེས་ཀྱང་ཁྱོད་འདྲ་འོང་ལུགས་མེད། །"(P41)ཞེས་དང་། "མདའ་ཉག་ཕྲན་ཞིག་ལ་ཅི་ཚང་བ། ། ཁྱོད་སེང་ལྕམ་འབྲུག་མོར་ཚང་ནས་ཡོད། ། བློ་རྣོ་བ་མདེའུ་ངར་མ་འདྲ། ། ཁོག་ཡིད་སེམས་དྲང་བ་མེ་ལོང་འདྲ། ། གཤོག་ཡངས་པ་ཐང་དཀར་རྩེ་སྒྲོ་འདྲ། ། ཡིད་དྭངས་པ་མེ་ལོང་གཟུགས་བརྙན་འདྲ། །"(P42)ཞེས་མཛངས་མའི་ཡོན་ཏན་ཁྱད་པར་གྱི་སྒོ་ནས་བསྔགས་པ་དང་། ཧོར་གླིང་གཡུལ་འགྱེདདུ། གླིང་གེ་སར་རྒྱལ་བོའི་ཇ་མ་སྟོང་ཉིད་མགར་བཟའ་ཆོས་སྒྲོན་ལ། "ལྷ་མོ་སྟོང་གི་སྤྲུལ་བ། མ་མཚོ་རྒྱལ་དཀར་མོའི་སྐྱེས་པ། མི་དགེ་སྤངས་པའི་དགེ་མ། དགེ་བཅུ་སྤྱོད་པའི་ཆོས་མ། སྤྲང་ཉམས་ཆུང་བརྒྱ་ཡི་ཕ་མ།"ཞེས་དང་། ཡང་ཧོར་འདུལ་སྐབས་གེ་སར་གྱིས"སེམས་སྐྱོ་གྲོགས་མགར་བཟའ་ཁྱོད་རང་ཡིན། ། དགྲ་འདུལ་ཚེ་བློ་ཡ་གྲོས་གྲོགས་དགོས། ། བཏུལ་ཚར་དུས་ཁྲ་མོ་གླིང་ལ་འགྲོ། ། སྨན་འབྲུག་མོ་དེ་དང་ཁྱད་པར་མེད། ། མཁར་སེང་འབྲུག་སྟག་རྩེའི་ནང་རྫོང་གིས། ། སྡེ་ཧོར་གླིང་གཉིས་ཀྱི་དཔོན་མོ་གྱིས། ། མཁར་སེང་འབྲུག་སྟག་རྩེའི་ནང་རྫོང་གིས། ། མཛོད་ཕྲ་མོའི་སྒོ་ཡི་ལྡེ་མིག་ཟུངས། །"(P406)མོན་གླིངལས། "མ་མེད་བུ་མོ་ཨ་ཕས་སྐྱོང་། ། བུ་མེད་བུ་མོས་ཚབ་ཏུ་བྱས། །"ཞེས་བུད་མེད་ལ་ཡང་ཐོབ་ཐང་དང་དབང་ཆ་ངེས་ཅན་ཞིག་ཡོད་པ་བསྟན་ཡོད་པ་དང་། གཞན་གེ་སར་རྒྱལ་བོ་རང་ཉིད་སྤྲུལ་སྒྱུར་ལ་ཐོགས་པ་མེད་ནའང་སྨན་ཨ་ནེ་གོང་མ་རྒྱལ་མོ་ནི་ཁོང་གིས་གཉིད་དཀྲོགས་ཀྱི་ཅོང་སྒྲ་དང་། བྱ་བྱེད་ཀྱི་ལུང་སྟོན་མཁན་ཡིན་པ་དཔེར་ན། གླུ་འདི་ཡི་གླུ་ངོ་མ་ཤེས་ན། ། ཡིད་མུན་པ་སེལ་བའི་སྒྲོན་མེ་ཡིན། ། སྤྱིར་ཁམས་གསུམ་ཟིལ་གྱིས་གནོན་གླུ་ཡིན། ། ཡུལ་སྟོང་གསུམ་ཟིལ་གྱིས་གནོན་གླུ་ཡིན། ། ཕོ་ཉལ་ཉལ་མང་ན་མདའ་མགོ་འཆོར། ། དེ་མདའ་མགོ་ཤོར་ན་དགྲ་མགོ་མཐོ། ། བདུད་ཀླུ་བཙན་འདུལ་དུ་འགྲོ་གྲབས་བྱོས། ། ཁྱོད་གཞན་གྱི་བུ་དང་འདྲ་ས་མེད། ། ཞེས་པ་སོགས་ལ་གཞིགས་ན་བུད་མེད་ནི་སྐྱེས་པའི་གྲུབ་ཆ་ཞིག་མ་ཡིན་པར་རང་སྐྱ་འཕེར་བའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཤིག་དང་། རྒྱལ་ཁབ་བདེ་ལ་འགོད་པའི་བྱ་གཞག་ལ་གཞོགས་འདེགས་ཤུགས་ཆེན་བྱེད་པ་ལ་ཆེས་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་ཞིང་། ལས་དོན་ཅི་ཞིག་བསྒྲུབ་ཀྱང་རང་རྟོགས་ཀྱི་ཚད་མཐོ་ཞིང་འགན་ཁུར་གྱི་ཧུར་སེམས་ཆེ་བ། རང་སྲོག་དང་དམངས་དོན་ལས་དམངས་དོན་གཙོ་བོར་འཛིན་པ། ལས་རིམ་ཞིབ་ཚགས་དང་གོ་རིམ་ལྡན་པས་ལས་ཀའི་སྤུས་ཚད་ཧ་ཅང་བཟང་བ་བཅས་ཀྱི་ཡོན་ཏན་གྱི་ཆ་ལྡན་པ་མ་ཟད་དམག་དོན་དང་སྲིད་ཀྱི་དབང་ཆ་འཛིན་པ་དང་དམག་འཁྲུག་ཁྲོད་འབྲུག་མོ་དང་མེ་བཟའ་ཨ་སྟག་ལྷ་མོ་སོགས་ཀྱིས་དགྲ་འདུལ་བ་ལ་བློ་དང་རིག་པ་གང་མང་ཞིག་བཀོལ་པའི་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་པ་སོགས་ལས་གནའ་རབས་བུད་མེད་རྣམས་ལ་དཀར་ཕྱོགས་ལ་འབད་པ་དང་སྤྱི་སེམས་ཀྱི་འདུ་ཤེས་བླ་ན་མེད་པ་ཞིག་མཆིས་ཤིང་། བྱ་བ་ཆེ་ཆུང་གང་ཞིག་བསྒྲུབ་ཀྱང་རྡོག་རྩ་གཅིག་སྒྲིལ་བྱེད་པའི་ངེས་ཤེས་ཡོད་པ་བཅས་ལོ་རྒྱུས་ཀྱི་གར་སྟེགས་སུ་བཟང་བའི་ཆ་ཕུན་སུམ་ཚོགས་པ་ལྡན་པ་ལ་བརྟག་ན་གླིང་སྒྲུང་ཁྲོད་དུ་བོད་རིགས་བུད་མེད་ཀྱི་གོ་གནས་ལ་མཐོང་ཆེན་དང་ཐོབ་ཐང་ལ་བརྩི་འཇོག་བྱས་ཡོད་པ་ཤེས་ཐུབ།

གཉིས་པ། གླིང་སྒྲུང་ལས་གནའ་རབས་བོད་རིགས་བུད་མེད་ཀྱི་གོ་གནས་དམའ་བའི་སྣང་ཚུལ་སྐོར། 

    བོད་རིགས་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་སྒྲུང་ནི་བོད་ཀྱི་འདས་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་། ལོ་རྒྱུས་ཀྱི་སྣང་ཚུལ། རྩོམ་རིག་གི་ཁྱད་ཆོས་དང་ཆོས་ལུགས་ཀྱི་ལྟ་བ་བཅས་འདྲེས་ཏེ་གནའ་བོའི་བྱུང་བ་སྣ་ཚོགས་གསལ་བར་བྱེད་པའི་མེ་ལོང་དང་ཀུན་ནས་མཚུངས་པས། དེའི་ནང་བོད་མི་དམངས་རང་གི་སྐྱིད་སྡུག་གི་ངོ་བོ་དང་དགའ་སྡང་གི་རྣམ་པ། འཚོ་བའི་འཕེལ་རིམ་སོགས་མཚོན་ཡོད་པ་འདི་ལས་བུད་མེད་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཤིག་མ་ཡིན་པར་དམན་པར་ལྟ་བའི་འདུ་ཤེས་ཀྱང་མངོན་ཡོད་དེ། ཧོར་སྟོདལས་རྒྱ་ཚས་རང་གི་སྲུ་མོ་འབྲུག་མོ་ལ"སུ་ལན་རྩ་བ་བཤད་པ་ན། ། སྤྱི་ལན་གླིང་རུ་མ་སྲུ་ལན། ། མོ་སྨན་བྱ་བ་ཡ་རབས་མེད། ། འཇག་མའི་ལ་བཙས་བསྟོད་ཉན་མེད། ། ཤོག་བུའི་དར་ལྕོག་འཕྱར་ཉན་མེད། ། མར་དཀར་ཉི་མར་ལྡེ་ཕོད་མེད། །"ཅེས་དང་། (P502)རྟ་རྒྱུགས་དཔྱིད་ཀྱི་ཉི་མལས། གླིང་གི་ཨ་ཁུ་ཁྲོ་ཐུང་གིས་རང་གི་ཆུང་མ་ལྡན་བཟའ་ལ"མ་ཤེས་མེད་ལྡན་བཟའ་སེར་གྲོད་ཁྱོད། ། ཞོ་ལྔའི་ཐུག་པས་མ་བརྒྱགས། ། ཁལ་གཅིག་རྩམ་པས་མ་འགྲངས། ། རང་སྐལ་གྱིས་ལོང་ཁ་མ་གང་། ། ཚེ་རོགས་ཀྱི་འདོད་པ་མ་སོད། ། སྣང་བ་ཨ་སྔོན་གནམ་ལས་མཐོ། ། རང་སྣང་ཚེ་ཚེ་ར་ལས་ཆེ། ། འདོད་ཆགས་དེ་ཕོ་བྱ་ལས་ཚ། ། ཕོ་བ་གྲོང་གསེབ་ཕག་ལས་ཆེ། །"ཞེས་དང་། སྟག་གཟིག་ནོར་རྫོངལས"བུད་མེད་ངན་པའི་ཁ་ལྕེ་དེས། ། མཐུན་གསུམ་དཀྲུག་པའི་གཞི་མ་རེད། ། མཐའ་མ་རང་གཞན་གཉིས་ཀ་ཕུང་། །"ཞེས་དང་། ཡང་ན"གྱོད་སྣ་དགུའི་རྩ་བ་ནག་མོས་གཡོ། །"(P160)ཞེས་པ་སོགས་ལས་གླིང་སྒྲུང་ཁྲོད་དུ་བུད་མེད་ནི་འཇིག་རྟེན་འདིར་བལྟམས་མ་ཐག་ནས་ལྟ་ཚུལ་ལེགས་པོ་བཅིངས་མེད་པ་དང་། ཁྱོ་གཅིག་ཤུག་མང་ལས་བོད་གནའ་རབས་ཀྱི་བུད་མེད་མང་པོ་ཞིག་ལ་ཚད་མེད་ཀྱི་སྡུག་བསྔལ་བཟོས་ཡོད་པ་ནི་གླིང་གེ་སར་རྒྱལ་པོ་དང་མ་ཡུམ་འགོག་བཟའ་གཉིས་སྡེ་གྲལ་ནས་རྨ་སྨད་ཡུལ་ལ་ཕུད་པ། གླིང་རྒྱལ་མོ་ཆེ་བ་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་དང་། ཆུང་བ་མེ་བཟའ་འབུམ་སྐྱིད་སོགས་མོ་སྨན་འགའ་ཞིག་དུད་འགྲོའམ་རྒྱུ་ནོར་བཞིན་དྲག་ཤུགས་ཀྱིས་ཕན་ཚུན་འཕྲོག་རྩོད་བྱས་ནས་བདག་གིས་བྱེད་ནི་ཚོ་ཁག་ཁྲོད་ཀྱི་འགལ་ཟླ་དང་འཁྲུག་རྩོད་ཀྱི་གཞི་རུ་གྱུར་ཡོད་ལ། གཞན་ཡང་ས་གནས་སམ་ཚོ་ཁག་ཕན་ཚུན་བར་གྱི་འགལ་ཟླ་དང་འཐབ་རྩོད་ཐམས་ཅད་ཀྱི་སྣ་འདྲེན་གཙོ་བོ་ཞིག་ཏུ་གྱུར་པའཁྲུངས་གླིང་།》 《ཧོར་གླིང་གཡུལ་འགྱེད།》 《བདུད་གླིང་གཡུལ་འགྱེད།》 《སུམ་གླིང་གཡུལ་འགྱེད།》 《མོན་གླིང་གཡུལ་འགྱེད།སོགས་ལས་རེ་རེ་བཞིན་གསལ་བོ་བཀོད་ཡོད་པ་དང་སྒྲུང་ཁག་འགའ་རེའི་ཁྲོད་བུད་མེད་ནི་དམག་དོན་དང་སྤྱི་ཚོགས་བྱ་འགུལ་ཁྲོད་ཀྱི་འཛེམ་བྱར་གྱུར་ཡོད་པའི་སྐབས་ཀྱང་མང་པོ་མཐོང་པ་སོགས་ལས་གླིང་སྒྲུང་དུ་བུད་མེད་ལ་གོ་གནས་དང་ཐོབ་ཐང་མེད་པའི་སྣང་ཚུལ་ཡང་མངོན་ཡོད་པ་རེད།

གསུམ་པ། གླིང་སྒྲུང་དུ་བུད་མེད་ཀྱི་ཐོབ་ཐང་དང་གོ་གནས་ཐད་ཀྱི་འགལ་ཟླའི་སྣང་ཚུལ་བྱུང་བའི་རྒྱུ་རྐྱེན་སྐོར་ཅུང་ཙམ་བཤད་པ།

  དེ་ཡང་རྩོམ་རིག་བྱུང་འཕེལ་སྤྱི་དང་ཁྱད་པར་དུ་དཔའ་བོའི་ལོ་རྒྱུས་མཚོན་པའི་སྒྲུང་རབས་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་བལྟས་ན་དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་དེ་གདོད་མའི་རུས་རྒྱུས་ལམ་ལུགས་ནས་གྲལ་རིམ་ལྡན་པའི་བྲན་གཡོག་སྤྱི་ཚོགས་སུ་འཕེལ་བའི་བར་བརྒལ་དུས་རིམ་ཞིག་སྟེ་མིའི་རིགས་རིག་པ་བས་དམག་དོན་དམངས་གཙོའི་དུས་རབས་ཞེས་པ་དེའི་ནང་བྱུང་བར་ཡོངས་ཁྱབ་ཏུ་ངོས་འཛིན་པ་རེད། སྤྱིར་དུས་རབས་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་དཀྱོགས་མཚམས་རང་བཞིན་གྱི་དུས་རིམ་ཞིག་ཡིན་ཞིང་། སྐབས་དེར་གདོད་མའི་ཚོ་ཁག་དང་ཚོ་ཤོག་མནའ་འབྲེལ་ལམ་ལུགས་དེ་རིམ་བཞིན་མི་རིགས་དང་རྒྱལ་ཁབ་ཏུ་འགྱུར་བའི་གོ་རིམ་ཞིག་ཡིན་པ་དང་། དེ་ལྟ་བུ་འཕེལ་འགྱུར་གྱི་སྒུལ་ཤུགས་ཀྱི་རྣམ་པ་གཙོ་བོ་ཞིག་ནི་ཚོ་ཁག་གམ་ཚོ་ཤོག་མནའ་འབྲེལ་བར་རྒྱུན་མི་ཆད་པར་བྱུང་བའི་ཚོ་ཁག་དམག་འཁྲུག་ཡིན་ལ། དུས་སྐབས་དེར་དམག་འཁྲུག་ནི་སྤྱི་ཚོགས་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་དང་དཔའ་བོ་ནི་སྤྱི་ཚོགས་ཡོངས་ཀྱིས་མཐའ་གཅིག་ཏུ་བརྩིས་མཐོང་དང་ཡིད་སྨོན། བརྩོན་ལེན་བཅས་བྱེད་པའི་མིག་ལྟོས་ཀྱི་ཡུལ་དམ་པ་ཞིག་ཏུ་གྱུར་ཡོད་པས་ན། མི་རིགས་ཀྱི་དཔའ་བོའི་མཛད་རྗེས་ལ་བསྔགས་བརྗོད་བྱེད་པའི་བརྩམས་ཆོས་ཏེ་དཔའ་བོའི་སྒྲུང་རབས་ཆེན་མོ་ཁག་ཀྱང་དུས་སྐབས་འདིའི་ནང་བྱུང་བའི་མིའི་རིགས་ཀྱི་མཛད་རྗེས་གལ་ཆེན་ཞིག་ཡིན་པར་ཀུན་གྱིས་ཐུན་མོང་དུ་བཞེད་པ་རེད།

  སྤྱིར་དཔའ་བོའི་སྒྲུང་རབས་ཀྱི་བརྗོད་བྱའི་ཆ་ནས་གཙོ་བོ་མི་རིགས་དེའི་སྔོན་བྱུང་དཔའ་བོའི་མཛད་རྗེས་ལ་བསྔགས་པ་དེ་ཡིན་ནའང་སྒྲུང་རབས་དེ་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པས་ཆ་ནས་སྐབས་དེའི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་ཚུར་སྣང་བྱས་ཡོད་པ་སྨོས་མ་དགོས་ལ། ཁྱད་པར་དུ་དཔའ་བོའི་སྒྲུང་རབས་ནི་མི་རིགས་ཤིག་གི་ལོ་རྒྱུས་དེ་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་ཡང་ངོས་འཛིན་པ་ཡིན་ཏེ། ཨུ་རུ་སིའི་རྩོམ་རིག་པ་གྲགས་ཅན་གོར་ཅིས། "རྩོམ་རིག་ནི་འདས་པའི་ལོ་རྒྱུས་ལ་ཕྱིར་ལྟ་བྱེད་སྤྱད་ཀྱི་མེ་ལོང་ཞིག་དང་ཀུན་ནས་མཚུངས"ཞེས་གསུངས་འདུག་པ་འདི་ལས་ཀྱང་དཔའ་བོའི་སྒྲུང་རབས་དང་མི་རིགས་ལོ་རྒྱུས་བར་གྱི་འབྲེལ་བ་གསལ་བོར་བསྟན་པ་ཡིན་ལ། དཔའ་བོའི་སྒྲུང་རབས་ཀྱི་མཚན་ཉིད་ཀྱི་ཟུར་དུའང"ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ལ་གཞི་བྱས་ཏེ"ཞེས་གསལ་བོར་བསྟན་ཡོད་པ་རེད།

  དཔའ་བོའི་སྒྲུང་རབས་དེ་ཡང་རྩོམ་རིག་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་གནའ་བོའི་ལྷ་སྒྲུང་དང་སྲིད་པའི་ཆགས་རབས་སོགས་ཀྱི་རྨང་གཞིའི་སྟེང་གྲུབ་པ་ཡིན་ལ། གདོད་མའི་སྤྱི་ཚོགས་དུས་རིམ་གྱི་འཚོ་བ་མཚོན་པའི་བརྩམས་ཆོས་གཙོ་བོ་ནི་ལྷ་སྒྲུང་དང་ངག་རྒྱུན་སོགས་ཡིན་ཞིང་། དེ་དག་ནི་ཕྱིས་ཀྱི་དཔའ་བོའི་སྒྲུང་རབས་འགྲུབ་བྱེད་ཀྱི་ས་བོན་དང་རྒྱུ་ཆར་གྱུར་ཡོད་པ་རེད། དེ་བས་དཔའ་བོའི་སྒྲུང་རབས་བྱུང་བའི་དུས་རིམ་གཙོ་བོ་ནི་གོང་དུ་བཤད་པའི་དམག་དོན་དམངས་གཙོའི་དུས་རབས་དེ་ཡིན་ནའང་། སྒྲུང་རབས་སྤྱིའི་ཁྱད་ཆོས་གཙོ་བོ་ཞིག་ནི་དེའི་རྩོམ་ལུས་ཀྱི་རྣམ་པ་ཚིགས་བཅད་ཡིན་ཞིང་ངག་ཐོག་ནས་རྒྱུད་འཛིན་བྱེད་པས་ན་དུས་སྐབས་མི་འདྲ་བའི་འཚོ་བའི་སྣང་ཚུལ་ཁག་གིས་སྒྲུང་རབས་ཀྱི་ནང་དོན་ཐད་རྒྱུན་ཆད་མེད་པར་ཁ་གསབ་བྱས་ཏེ་རྣམ་པ་དང་སྒྲིག་གཞི་ཡང་ཆེ་ནས་ཆེ་རུ་འཕེལ་ཏེ་རྩོམ་རིག་བརྩམས་ཆོས་གཞན་གང་གིས་ཀྱང་སྒྲུན་དུ་མེད་པའི་གནའ་རབས་སྤྱི་ཚོགས་ལ་བལྟ་བའི་མི་ཟད་ནམ་མཁའི་མཛོད་ལྟ་བུ་བཀྲེས་སྐོམ་ཟས་ཀྱི་འདུན་པ་ཕྱོགས་ཡོངས་ནས་སྐོང་ཐུབ་པའི་བརྗོད་བྱའི་ཐད་སྣ་འཛོམས་ཀྱི་ཁྱད་ཆོས་དེ་འབུར་དུ་ཐོན་ཡོད་པ་རེད། དེར་བརྟེན། འཛམ་གླིང་གི་དཔའ་བོའི་སྒྲུང་རབས་སྤྱི་དང་ཁྱད་པར་དུ་བོད་ཀྱི་གནའ་རབས་དཔའ་བོའི་སྒྲུང་རབས་ཆེན་མོ་གླིང་གེ་སར་རྒྱལ་པོའི་སྒྲུངའདི་ལ་ཡང་གནའ་རབས་སྤྱི་ཚོགས་ཀྱི་འཚོ་བའི་སྣང་ཚུལ་རྒྱ་ཆེན་པོ་མཚོན་པའི་ཁྱད་ཆོས་ཡོད་པར་མ་ཟད། སྣང་ཚུལ་མང་པོ་ཞིག་ནི་སྒྲུང་ཁག་སོ་སོ་དང་ཐ་ན་སྒྲུང་ཁག་གཅིག་གི་ཁྲོད་དུ་ཡང་ཕན་ཚུན་ཐ་དད་དང་འགལ་ཟླར་གྱུར་པའི་སྐབས་རྟག་ཏུ་མཐོང་ཐུབ་པ་རེད། དེ་བས་གླིང་སྒྲུང་དུ་བུད་མེད་ཚོའི་སྤྱི་ཚོགས་གོ་གནས་དང་ཐོབ་ཐང་། སྤྱི་ཚོགས་ནུས་པ་སོགས་ལ་འཛིན་པའི་འདུ་ཤེས་ཀྱང་མི་འདྲ་ཞིང་ཐ་ན་རྦད་དེ་འགལ་བར་གྱུར་པའི་སྣང་ཚུལ་སྣ་ཚོགས་བྱུང་ཡོད་པའི་ཚུལ་གོང་དུ་སྨོས་ཟིན་པ་ལྟར་ཡིན་ཞིང་། དེ་ལ་བརྟེན་ནས་འགའ་རེས་གླིང་སྒྲུང་ནི་བུད་མེད་ལ་དམན་སྨོད་དང་ཁྱད་གསོད་བྱེད་པའི་བརྩམས་ཆོས་ཤིག་ཡིན་པར་འདོད་པ་དང་། ཐ་ན་སྣང་ཚུལ་འདི་རྒྱུ་མཚན་དུ་བྱས་ནས་གླིང་སྒྲུང་གི་བསམ་བློའི་རིན་ཐང་ལ་ཐེ་ཚོམ་སྐྱེ་བའི་གནས་ཚུལ་ཡང་བྱུང་མྱོང་བ་རེད། ཡིན་ནའང་བདག་གིས་དེ་ལྟར་མི་འདོད་དེ། རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་དེ་ནི་སྐབས་དེའི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་སྣ་ཚོགས་སྣང་བརྙན་དང་དཔེ་མཚོན་གྱི་སྒོ་ནས་ཚུར་སྣང་བྱེད་པ་དེ་ཡིན་ལ། དེ་ལས་རྩོམ་རིག་བརྩམས་ཆོས་ཀྱི་སྒྱུ་རྩལ་དང་བསམ་བློའི་རིན་ཐང་མངོན་པ་རེད། དེ་བས་རྩོམ་རིག་གི་ལས་འགན་ནི་སྐབས་སོ་སོའི་སྤྱི་ཚོགས་སྣང་ཚུལ་དང་ཁྱད་པར་དུ་སྤྱི་ཚོགས་འགལ་བའི་རྣམ་པ་དང་འཁྱོག་བརྗོད་བྱེད་པ་དེ་མ་ཡིན་ནོ། ། སྤྱིར་བུད་མེད་ཀྱི་ཐོབ་ཐང་དང་སྤྱི་ཚོགས་ཁྲོད་ཀྱི་གོ་གནས་ཀྱི་འགྱུར་བ་དེ་ནི་སྤྱི་ཚོགས་ལམ་ལུགས་ཀྱི་འཕོ་འགྱུར་ལས་བྱུང་བའི་སྤྱི་ཚོགས་སྣང་ཚུལ་ཞིག་ཡིན་པ་ལས་རྩོམ་རིག་སྣང་ཚུལ་ཙམ་ཞིག་མིན་པ་སུས་ཀྱང་རྟོགས་ཐུབ་པ་ཡིན་ལ། དེ་ནི་རྩོམ་པ་པོའི་འདོད་མོས་ལྟར་གང་དགར་བརྩམས་ཆོས་སུ་བཀོད་པའི་ལྟ་བ་ཞིག་དེ་བས་ཀྱང་ཡིན་མི་སྲིད། དེར་བརྟེན། གླིང་སྒྲུང་འདི་ནི་བུད་མེད་ལ་ངན་སྨོས་དང་དམའ་འབེབས་བྱས་ཏེ་བུད་མེད་ཀྱི་ཐོབ་ཐང་རྩིས་མེད་དུ་གཏོང་བའི་བསྟན་བཅོས་ཤིག་མིན་ལ་བུད་མེད་ལ་མཐའ་གཅིག་བརྩི་མཐོང་གོང་བཀུར་བྱེད་པའི་བསྟན་བཅོས་ཤིག་དེ་བས་ཀྱང་མིན་པར། དེ་ནི་སྤྱི་ཚོགས་ལོ་རྒྱུས་ཀྱི་འགྲོས་རིམ་ཧྲིལ་བོའི་ཁྲོད་ཀྱི་བུད་མེད་ཀྱི་སྤྱི་ཚོགས་གོ་གནས་དང་ཐོབ་ཐང་གི་འཕེལ་འགྱུར་རྣམ་པ་དེ་ཆ་ཡོངས་ནས་མཚོན་པར་བྱས་དེ། ཕྱོགས་གཅིག་ནས་བུད་མེད་ལྷའི་སྤྲུལ་བ་དང་དཔའ་མོའི་སྣང་བརྙན་གྱི་སྒོ་ནས་ཚད་མཐོ་བའི་ཐོབ་ཐང་དང་གོ་གནས་ཡོད་ལ། ཐ་ན་སྤྱི་ཚོགས་ཀྱི་དབང་སྒྱུར་དང་དམག་དོན་བཀོད་འདོམས་ཀྱི་དབང་ཆ་ཡང་ཡོད་པ་རེད། ཡང་ཕྱོགས་གཅིག་ནས་བུད་མེད་ནི་རྒྱུ་ནོར་དང་ཐོན་ཁུངས་སོགས་དང་འདྲ་བར་སྐྱེས་པ་རྣམས་ཀྱིས་དམག་འཁྲུག་སློང་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་པ་དང་སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་ཁས་དམན་ཉམས་ཐག་གི་སྟོབས་ཤུགས་ཁོ་ན་ཞིག་ཏུ་གྱུར་ཡོད་པ་རེད། རྦད་དེ་འགལ་བར་གྱུར་པའི་སྣང་ཚུལ་འདི་ལས་ང་ཚོའི་བོད་ཀྱི་གླིང་སྒྲུང་འདི་ལས་གདོད་མའི་རུས་རྒྱུད་སྤྱི་ཚོགས་ལམ་ལུགས་ཐད་ཀྱི་འཕོ་འགྱུར་གྱི་རྣམ་པ་དེ་བུད་མེད་ཀྱི་ཐོབ་ཐང་ཙམ་མ་ཟད་ད་དུང་གླིང་སྒྲུང་ཁྲོད་ཀྱི་དངོས་པོའི་རིག་གནས་དང་ཆོས་ལུགས་དད་མོས་སོགས་ཕྱོགས་མང་པོ་ནས་མངོན་ཡོད་པས། འདི་ནི་གླིང་སྒྲུང་དེ་དུས་རབས་མང་པོའི་རིང་དམངས་ཁྲོད་དུ་ངག་ཐོག་ནས་རྒྱུད་འཛིན་བྱས་པའི་བརྒྱུད་རིམ་ནང་བྱུང་བའི་གཞན་འགྱུར་རང་བཞིན་གྱི་སྣང་ཚུལ་ཞིག་ཡིན་ལ། དེ་བས་ཀྱང་གལ་ཆེ་བའི་སྒོ་ནས་སྤྱི་ཚོགས་ལོ་རྒྱུས་མཚོན་པའི་ཁྱད་ཆོས་མངོན་པ་རེད།

  མདོར་ན་གླིང་སྒྲུང་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་དང་སྤྱི་ཚོགས་ནུས་པའི་ཐད་འགལ་བའི་ལྟ་ཚུལ་མངོན་པ་ནི་གླིང་སྒྲུང་གི་བརྗོད་བྱ་རྒྱ་ཆེ་བའི་སྣང་ཚུལ་ཞིག་དང་སྤྱི་ཚོགས་འཕེལ་འགྱུར་གྱི་རྣམ་པ་ཚུལ་བཞིན་མཚོན་པའི་རྟགས་མཚན་ཞིག་ཡིན་པ་ལས་དེ་ནི་གླིང་སྒྲུང་གི་བསམ་བློའི་དགེ་སྐྱོན་ཤན་འབྱེད་པའི་ཚད་གཞི་ཞིག་ཡིན་མི་སྲིད་ལ། དེས་གླིང་སྒྲུང་གི་སྒྱུ་རྩལ་དང་བསམ་བློའི་རིན་ཐང་ལ་སོགས་ལ་གནོད་པ་ཡང་ཐེབས་མི་སྲིད་པར་དེ་ལས་ལྡོག་སྟེ་གནའ་རབས་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་གོ་གནས་དང་སྤྱི་ཚོགས་ནུས་པའི་ཐད་ཀྱི་འགྱུར་ལྡོག་ལ་ཕྱོགས་གང་ནས་ཞིབ་འཇུག་བྱེད་པར་ཕུན་སུམ་ཚོགས་པའི་དཔྱད་གཞི་འདོན་སྤྲོད་བྱས་ཡོད་པས། དེར་གནའ་རབས་སྤྱི་ཚོགས་ཀྱི་ལམ་ལུགས་དང་སྤྱི་ཚོགས་གོམས་སྲོལ། གཉེན་སྲོལ་ལམ་ལུགས་སོགས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པར་གལ་ཆེན་རིན་ཐང་དང་དོན་སྙིང་ཡོད་པར་གདོན་མི་ཟའོ། །   





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1