༄༅།། དབྱངས་ཅན་ཟེར་བའི་ལྷ་མོ་ཞིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


འཇིག་རྟེན་ཀུན་གྱི་མཛེས་པ་གཅིག་སྡུད་ཕྱག་མཚན་རྒྱུད་མངས་རང་གྲོལ་ཅན། །

མི་སྡུག་གནས་ཀྱི་སེམས་ཅན་སྐྱོང་མཛད་བློ་དཀར་ཡིད་ཀྱི་བདག་ཉིད་མ། །

ཁྱོན་ཀུན་ཤེས་རབ་གོང་བུར་སྒྲིལ་བ་མཛད་མེད་སྲིད་གཞིའི་སྙིང་པོ་ལས། །

བདག་སོགས་སེམས་ཅན་ཕ་མཐར་བགྲོད་པའི་ཚངས་པའི་དབྱངས་སྙན་བསྩལ་དུ་གསོལ། །

བསིལ་བ་ལས་ལྕོགས་བརྒྱད་ལྡན་ཁང་བཟང་རྒྱལ་མཚན་རྩེ་མོའི་ལྡིང་ཁང་ན། །

ཚོགས་གཉིས་སྒྱུ་མའི་གར་གྱི་རྣམ་པ་སྙིང་རྗེའི་སྟངས་སྟབས་ལྷག་ཏུ་འགྱུར། །

བསོད་ནམས་ཡེ་ཤེས་ལང་ཚོ་རྒྱས་པའི་ཞབས་སེན་རྡུལ་གྱི་གར་སྟབས་འདིས། །

བདུད་རྩིའི་ཆབ་རྒྱུན་མཚོ་མོ་འཁྱིལ་བས་བདེ་བའི་རྦ་རླབས་ཀུན་ནས་འཕྱོ། །

ཉིན་བྱེད་དབང་པོའི་སྤུན་ཟླར་གྱུར་བ་གངས་རིའི་མདངས་ཀྱི་འོད་ཐིགས་ལས། །

ལས་ཀྱི་ཉོན་སྒྲིབ་ཡོངས་སུ་དག་པ་ནོར་བུ་ཀེ་ཏའི་རང་བཞིན་ཅན། །

གང་དེའི་ཕྱོགས་བཞིར་ཤེས་རབ་རྫོགས་པའི་ཡལ་འདབ་མེ་ཏོག་ལྷུག་པོར་གྲོལ། །

གདན་དུ་ཉ་གང་ཟླ་བས་མཛེས་པ་གཞན་ཕན་སྙིང་རྗེའི་གཙུག་ཏུ་བསྔགས། །

ན་ཆུང་བུ་མོའི་ལང་ཚོར་སྤྱུལ་བ་ཤེས་རབ་ཅན་གྱི་གཟིལ་གདངས་འདིས། །

མཛེས་པའི་འགྲན་ཟླ་སྲིད་ན་དཀོན་པ་ཡོད་ན་དབྱངས་ཅན་ཁྱེད་རང་ཉིད། །

འཛད་མེད་ལོངས་སྤྱོད་སྙན་པའི་དབྱངས་དང་སྨད་བྱུང་གར་ལ་བརྟེན་མཁས་པ། །

སྲིད་ན་ཁྱོད་ལྷག་འཕྱོར་སྒེག་ཡོད་ན་བདག་སྲོག་མྱུར་དུ་གཏོང་བར་སྤོབས། །

འཇམ་མཉེན་སྐུ་ལ་ཐུག་པར་མི་བཟོད་ཆུ་ཤེལ་འདབ་མའི་སྡུག་གུ་མ། །

དཔལ་གྱི་འབྲས་བུ་ཡོངས་སུ་སྨིན་པ་སྲོག་ལྡན་ཀུན་གྱི་མར་བསྔགས་པ། །

བདེ་དགའི་ལོངས་སྤྱོད་ཡོངས་སུ་སྟེར་མཛད་སྲིད་ན་དཀོན་པའི་མཐར་ཐུག་པ། །

འདོད་པའི་ཁམས་ཀྱི་རེ་བ་ཡོངས་བསྐོངས་སྨིན་ལེགས་རྣམ་འཕྲུལ་དགའ་མའི་མཆོག །

མ་རིག་བློ་ཡི་མུན་པ་སེལ་བ་ཤེས་རིག་ཐབས་འཕྲུལ་འོད་དཀར་མགོན། །

བདེན་པའི་རྨ་བྱར་སྤྲོ་བ་སྦྱིན་ཅན་དགའ་བདེ་འདྲེན་པའི་གཟུགས་མེད་སྒྲ། །

ངན་གཡོའི་ཐན་བྱ་རྨོངས་པར་བྱེད་པའི་ལོག་རྟོགས་ཚར་གཅོད་ལྷ་ཡང་ངོ་། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1