༄༅།། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་།

བླ་མ་ཀ་ལུ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-12


  དེ་ནས་སྦྲུལ་མགོ་དུག་ལྕེ་ངར་མ་ཁོང་གཉིས་མི་བྲེལ་རྟ་བྲེལ་ཉིལ་ལེ། རྐང་བྲེལ་ཡོབ་རྡུང་ཁྲ་ལེ། ལག་བྲེལ་ལྕེ་བུ་ཁྲིག་གེ་རྔུལ་ནག་རླངས་པ་ཕྱུར་རེ། ཤར་རྫོང་གི་སྒོར་ཐོན་པ་དང་། ཐམས་ཅད་ཀྱིས་ཡིན་པར་ཤེས་ནས། ཆིབས་ཞུས་ཕྱག་གཡོག་བྱས་ནས་ནང་དུ་ཕེབས། འཐབ་འཁྲུག་གཡུལ་ཉེས་ཀྱི་ལོ་རྒྱུས་ཞིབ་ཏུ་ཞུས་པས་ཐམས་ཅད་བློ་མ་བདེ་སྙམ་སྙམ་ཡིད་མ་བདེ་ཚབ་ཚུབ་ཀྱིས་བཀའ་འཕྲིན་མང་དུ་མཛད་མཐར། རྒྱལ་པོའི་མདུན་ལོ་རྒྱུས་ཞུ་བ་ལ། ཤན་པ་གསེར་གླིང་གྲགས་པ་དཔོན་གཡོག་གསུམ་བཏང་། ཁོང་ཚོས་རྫོང་འཛིན་རྒྱུ་བྱས་ནས་བསྡད་པ་དང་། ཁོང་གསུམ་རྒྱལ་པོའི་མདུན་དུ་སླེབས་པ་དང་གསེར་གླིང་གྲགས་པས་དར་དཀར་པོ་ཁ་གང་བཞག་སྟེ་གླུ་འདི་ཕུལ་ལོ། །
  གླུ་ཡེ་གཅིག་ཡེ་གཉིས་ཡེ་དང་གསུམ། །ཡ་དང་ཡེ་གཉིས་བདུད་ཀྱི་གླུ། །དགའ་རབ་བརྟན་པའི་དབང་ཕྱུག་དང་། །ཡུལ་བདག་བྲ་བ་མིག་དགུ་མཁྱེན། །ས་འདི་རྗེ་རྒྱལ་ཁྲིམས་ཀྱི་ས། །ང་འདྲ་གསེར་གླིང་གྲགས་པ་ཟེར། །དེ་ནས་རྒྱལ་པོ་རིན་པོ་ཆེ། །ཁར་སང་ཁར་གྱི་ཉི་མ་ལ། །སྦྲུལ་མགོ་དཔོན་གཡོག་མི་གཉིས་བྱུང་། །ཁྲ་བོ་རི་ཐང་དམག་སྒར་དེས། །ཟླ་བཞི་བར་དུ་ངར་འཐབ་བྱས། །མི་རེས་གཏོང་མ་རེ་རེ་བླངས། །དཔའ་ཐུལ་དགུ་དང་བརྒྱ་དཔོན་བཞི། །སྟོང་དཔོན་བཅུ་གསུམ་མཚར་གསོད་བཏང་། །ལས་དམག་ཁྲི་འབུམ་ས་ལ་བརྡབ། །མཐའ་གཞུག་བྱུས་ཀྱི་ཡོ་ལང་ལ། །སྦྲུལ་མགོ་དཔོན་བློན་མ་གཏོགས་པ། །ཐམས་ཅད་ཡུ་མེད་བྱས་ནས་བྱུང་། །ད་རུང་གླིང་དམག་ཁོལ་བརྡ་ཟེར། །སྲོག་གཅོད་སྤུན་གཉིས་གཙོས་བྱས་ཀྱིས། །ཤར་གྱི་ཕོ་བྲང་སྲུང་དགོས་ཟེར། །མ་ཤི་བར་དུ་འཐབ་དགོས་ཟེར། །ཤི་ན་འགྱོད་པ་མེད་དོ་ཟེར། །ཕྱོགས་ཀྱི་ཕོ་བྲང་ས་བཙན་དང་། །རབ་འཇིགས་ཕོ་བྲང་སྲུང་ལུགས་སོགས། །ཅི་དགོས་ཉིད་ལ་ཞུས་ཤོག་ཟེར། །འཇིག་རྟེན་གནའ་མིའི་གཏམ་དཔེ་ལ། །སྐྱིད་སྡུག་ག་ཏ་མགོ་སྦྲེལ་རེད། །ཁེ་ཕམ་དྲ་བ་མིག་སྦྲེལ་ཡིན། །ཟེར་བའི་གཏམ་དེ་བདེན་རབ་ཡོད། །ལས་ཀྱི་རྒྱལ་པོ་རིན་པོ་ཆེ། །བྱུས་ཉེས་ཡོ་ལངས་བྱུང་ན་ཡང་། །ཐུགས་སེམས་ལར་ནས་འཁྲུག་རྒྱུ་མེད། །གླུ་འཁྲུལ་བར་བྱུང་ན་མཐོལ་ལོ་བཤགས། །ངག་འཆལ་བར་བྱུང་ན་བཟོད་པར་གསོལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1