སྐབས་བཞི་པའི་རྒྱལ་ཡོངས་ཡུལ་བབ་བསླབ་གཞིའི་ཞིབ་བསྡུར་ཚོགས་འདུ་མའོ་རྫོང་དུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 06-14


     རང་རྒྱལ་གྱི་ཡུལ་བབ་བསླབ་གཞིའི་འཛུགས་སྐྲུན་དང་སློབ་གྲྭ་རང་གི་བསླབ་ཚན་གསར་སྤེལ་བྱ་གཞག་གི་འཕེལ་རྒྱས་སྔར་ལས་སྐུལ་འདེད་གཏང་ཆེད། སྤྱི་ཟླ་6པའི་ཚེས་11ཉིན་ནས་ཚེས་12ཉིན་བར། པེ་ཅིན་ཐེན་ཞ་ཞིས་སློབ་གསོ་བློ་འདྲི་ལྟེ་གནས་དང་རྔ་བ་ཁུལ་སློབ་གསོ་ཅུས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་སྐབས་བཞི་པའི་རྒྱལ་ཡོངས་ཡུལ་བབ་བསླབ་གཞིའི་ཞིབ་བསྡུར་ཚོགས་འདུ་རྔ་བ་ཁུལ་མའོ་རྫོང་དུ་འཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་གཞོན་པ། ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སློབ་གསོ་གསར་པའི་ཚོད་ལྟ་གྲོས་འགོ་འདོན་མཁན་ཀྲུའུ་ཡུང་ཤིན་ཞིབ་བསྡུར་ཚོགས་འདུར་ཕེབས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་ཤིས་ཚིག་ཕུལ།

    རྒྱལ་ཁབ་སློབ་གསོ་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དུས་རབས་21པའི་སློབ་གསོ་ཞིབ་འཇུག་ཁང་གི་ཡོན་ཀྲང་དབྱང་ཏུང་ཕིང་དང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་མི་རིགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཞེ་ཧྥུན་ཧྲན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གསོ་དང་མིའི་རིགས་རིག་པའི་སྡེ་ཁག་གི་ཀྲུའུ་རེན། སློབ་གསོ་པུའུ་ཡི་623རྣམ་གྲངས་ཀྱི་ལག་བསྟར་པ་ཐིན་ཤིན། པེ་ཅིན་ཐེན་ཞ་ཞིས་སློབ་གསོ་བློ་འདྲི་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ། ཡུལ་བབ་བསླབ་གཞིའི་རྣམ་ གྲངས་ཀྱི་འགན་ཁུར་པ་ཝང་ཞའོ་ཕིང་སོགས་ཚོགས་འདུར་ཞུགས།
    རྔ་བ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁུལ་ཡོངས་ཀྱི་ཡུལ་བབ་རིག་གནས་བསླབ་གཞིའི་ནང་དུ་དྲངས་པར་གཞིགས་ནས་ངོ་སྤྲོད་བྱས། ལོ་མང་པོའི་རིང་ལ་ཆེད་མཁས་པ་དང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ཏེ། ཡུལ་བབ་སློབ་གསོར་ཤུགས་སྣོན་བརྒྱག་རྒྱུ་དེ་མི་རིགས་རིག་གནས་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ་གཏོང་བའི་ལས་ཀར་མཐའ་འཁྱོངས་བྱས་ནས། སྔ་རྗེས་སུ་སློབ་མའི་ཕྱོགས་ཡོངས་ཀྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི་བྱིས་པ་དང་སློབ་གྲྭ་ཆུང་འབྲིང་གི་ཀློག་དེབ་56རྩོམ་སྒྲིག་བྱས། དུས་མཚུམས་སུ། རྫོང་(གྲོང་ཁྱེར)དང་སློབ་གྲྭ་ཁག་གིས་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཧུར་ཐག་སྒོས་མི་རིགས་རིག་གནས་ཀྱི་སློབ་གསོ་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྤེལ་བ་དང་། རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་བབ་རིག་གནས་སློབ་གསོའི་ནང་དོན་དུ་འདྲེན་པ་དང་། ཡུལ་བབ་རིག་གནས་སློབ་གསོ་དེ་རྒྱ་ཇེ་ཆེར་བཏང་ནས། ཡུལ་བབ་བསླབ་གཞིའི་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ལ་ཤུགས་སྣོན་བྱས་ཤིང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ།
    རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་ཞིང་ཆེན་(གྲོང་ཁྱེར)19ནས་ཡོང་པའི་ཆེད་མཁས་པ་དང་ཞིབ་འཇུག་པ། སློབ་དཔྱོད་མི་སྣ། གཞི་རིམ་དགེ་རྒན་དང་དམངས་ཁྲོད་སློབ་གསོ་ལས་ཁུངས་ཀྱི་འཐུས་མི་200ལྷག་ཐེངས་དེའི་ཞིབ་བསྡུར་ནང་ཞུགས་ཤིང་། ཡུལ་བབ་རིག་གནས་སློབ་གསོ་བསླབ་ཚན་ནང་དུ་འདྲེན་པ་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་གཏིང་ཟབ་པའི་སྒོ་ནས་ཡུལ་བབ་བསླབ་ཚན་དང་སློབ་གྲྭའི་སློབ་གསོ་ཟུང་འབྲེལ་སྐོར་དཔྱད་བསྡུར་བྱས་པ་དང་། ཐུན་མོང་གིས་རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་རང་གི་བསླབ་ཚན་གསར་སྤེལ་གྱིས་ཡུལ་བབ་རིག་གནས་རྒྱུན་འཛིན་ལ་ཐོན་པའི་ནུས་པར་ཞིབ་འཇུག་བྱས་པ་དང་། ཡུལ་བབ་བསླབ་གཞི་སློབ་ཁང་ནང་སྐྱེལ་བའི་གྲུབ་འབྲས་དང་ཉམས་མྱོང་མཉམ་རོལ་བྱས་ནས། དོན་དངོས་ཐོག་ནས་ཡུལ་བབ་བསླབ་གཞིའི་འཛུགས་སྐྲུན་དང་སློབ་གྲྭ་རང་གི་བསླབ་ཚན་གསར་སྤེལ་བྱེད་པར་སྐུལ་འདེད་བཏང་། ། 
 
    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1