གཙོ་ངོས།>> དེང་རབས་མི་སྣ།>>མཁས་པའི་དབང་པོ།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༦ཚེས་༢༡ཉིན།

༄༅།། ཚེ་རིང་རྡོ་རྗེ།

བོད་ཀྱི་དཔེ་རྙིང་འཚོལ་སྡུད་ཀྱི་ལས་ལ་མི་ཚེ་སྐྱེལ་བཞིན་པའི་སྐྱེས་ཆེན་དམ་པ་ཚེ་རིང་རྡོ་རྗེ།  
ཚེ་རིང་རྡོ་རྗེ།
  དཔེ་རྙིང་ནི་བོད་ཀྱི་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། གལ་ཏེ་དམངས་ཁྲོད་དུ་འཐོར་བའི་དཔེ་རྙིང་དེ་དག་མགྱོགས་མྱུར་གྱིས་འཚོལ་སྡུད་ལེགས་སྒྲིག་གི་ཁུར་ཆེན་བཞེས་པའི་ཚེ་རིང་རྡོ་རྗེ་རིན་པོ་ཆེ་ལྟ་བུ་ལྷག་བསམ་དང་ཕུགས་རེ་ཅན་གྱི་སྐྱེས་ཆེན་དམ་པ་འདི་དག་མེད་ན་ནམ་ཞིག་ང་ཚོའི་བོད་ཀྱི་དམངས་ཁྲོད་དུ་འཐོར་བའི་དཔེ་རྙིང་རྩ་ཆེན་འདི་དག་དུས་འགྱུར་དང་ཚོང་ལས་ཁྲོད་དུ་མིང་གི་ལྷག་མར་འགྱུར་འགྲོ་བ་ནི་ཐེ་ཚོམ་ཟ་མི་དགོས་པ་ཞིག་རེད།
  ཚེ་རིང་རྡོ་རྗེ་ཆེན་པོ་ཆེས་དཔེ་རྙིང་འཚོལ་སྡུད་ཀྱི་ལས་ཀ་དེ་རང་གི་འོས་འགན་ཞིག་ཏུ་བརྩིས་ནས་མི་ལོ་ཉི་ཤུའི་སྔོན་ནས་རྒྱལ་ཁབ་ཕྱི་ནང་གི་ས་གནས་མང་པོར་ཕེབས་ནས་རང་ནུས་ཅི་ཡོད་ཀྱིས་དཔེ་རྙིང་འཚོལ་སྡུད་གནང་བའི་ལས་ལ་བརྩོན།  ཁོང་གིས་ཧི་མ་ལ་ཡའི་རིག་མཛོད་ཁང་ཞེས་པ་གཉེར་ནས་སྔ་རྗེས་སུ་དཔེ་རྙིང་ཁྲི་གཅིག་ལྷག་ཙམ་བསྡུ་སྒྲིག་གནང་ནས་མི་བདུན་ཅུ་ཙམ་གྱིས་ཉིན་མཚན་གོ་སྦྲེལ་གྱིས་བསྡུ་སྒྲིག་དང་གློག་རྡུལ་དུ་ཕབ་ཅི་ནུས་གནང་། ཁོང་གི་མཐར་ཐུག་གི་དམིགས་ཡུལ་ནི་བོད་ཀྱི་དཔེ་རྙིང་མཐའ་དག་ཕྱོགས་གཅིག་ཏུ་བསྡུ་རུབ་བྱས་ནས་རིགས་དབྱེ་སྟེ་རིམ་བཞིན་ལོ་རེ་པོད་བརྒྱ་ལྷག་ཙམ་དཔེ་སྐྲུན་གནང་རྒྱུ་ཡིན་པ་དེ་རེད། 
  རྫ་ཀི་ཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་ནི་རབ་བྱུང་བཅུ་བདུན་པའི་ས་རྟ་སྤྱི་ལོ་1978ལོར་མདོ་ཁམས་རྫ་ཆུ་ཁའི་ཁྲོམ་གཟའ་འགབ་མ་རུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་བརྒྱད་ཙམ་ནས་ཡབ་གསང་མགོན་ལས་སྦྱོར་ཀློག་འབྲི་གསུམ་གྱི་ཐོག་མའི་སློབ་སྦྱོང་གི་ལམ་ཁར་ཞུགས། དགུང་ལོ་བཅུ་གཅིག་སོན་པ་ན་བསྙེན་པར་རྫོགས།  

སློབ་དཔོན་ཆེན་མོ་ཝང་ཡའོ་ཡིས་《བོ་དོང་བཀའ་འབུམ།》ལ་གཟིགས་བཞིན་པ། 

  དེ་ནས་དྲེལ་དཀར་དགོན་གྱི་བཤད་གྲྭར་བཞུགས་ཏེ་ལང་ཚོའི་མེ་ཏོག་གསར་དུ་གཞད་ཅིང་སྐྱེས་སྟོབས་ཀྱིས་ཤེས་རབ་རྣམ་པར་བཀྲ་བའི་ཟེའུ་ཕྲེང་ལས་སྦྱངས་སྟོབས་དྲི་གཞོན་གྱིས་བསྐུལ་བའི་བརྩོན་འགྲུས་ཀྱི་ཆུ་བར་བརྟན་ལ།  ཆགས་ཐོགས་མེད་པའི་སྒྲིབ་བྲལ་མཁྱེན་དཔྱོད་ཡངས་པའི་གྲགས་སྙན་གྱི་དྲི་བསུང་ཕྱོགས་ཀྱི་འཛིན་མའི་ཁྱོན་ཀུན་འཐུལ།   ཁོང་གིས་ལྷག་བསམ་གྱི་རྩ་ཁམས་སུ་སྙིང་རྗེ་དང་བརྩེ་བའི་ཟུངས་ཁྲག་བར་མེད་དུ་རྒྱུ་ཞིང་རྣམ་དཀར་ཕན་བདེའི་ལས་ལ་གཞོལ་བའི་རྣམ་དཔྱོད་དང་ཤེས་རབ་ཀྱིས་དཔལ་དུ་འབར་བའི་རིག་གནས་ཀྱི་མ་ལག་ཧི་མ་ལ་ཡི་རིག་མཛོད་ཁང་དང་།   གུ་རུའི་སྟོང་ཐང་ཆེན་མོ་སོགས་བཅུ་ཕྲག་རིག་པའི་རིག་གཞུང་དར་སྤེལ་དང་དཔེ་རྙིང་འཚོ་བསྡུད་དང་དཔེ་བསྐྲུན་སྒྲིག་སྦྱོར་གྱི་ལས་ལ་གཞོལ་བཞིན།    ཁོང་གིས་སྐུ་ངལ་ལ་མ་ལྟོས་པར་ཚེ་སྲོག་དང་ཟུངས་ཁྲག་གིས་བསྐྲུན་པའི་མི་རིགས་ཀྱི་རིག་གནས་ལ་བཅངས་བའི་སྙིང་སྟོབས་ཀྱི་རླུང་སེམས་ལྷོད་མེད་ངང་ཉིན་མཚན་བར་མེད་དུ་གཡོ་ཞིང་།  སྐུ་ཚེ་ཧྲིལ་པོར་གཞན་དོན་ཁོ་ན་ལ་དགྱེས་པའི་སེམས་དཔའ་ཆེན་པོའི་སྔོན་གོམས་ཀྱི་བག་ཆགས་སད་པའི་སྟོབས་ཀྱིས་ལས་སྨོན་བཟང་པོའི་རྟེན་འབྲེལ་གྱི་ཉིན་མཚམས་སྦྱར་བའི་སྐྱེ་དགུའི་བསོད་ནམས་ཀྱི་བགོ་སྐལ་ཆེན་པོ་གངས་ཅན་ཕན་བདེའི་རིག་པའི་དཔའ་བོ་ཞིག་ཏུ་གྱུར།   དགུང་ལོ་བཅོ་བརྒྱད་པ་ཤིང་ཕག་སྟེ་སྤྱི་ལོ་1995ལོའི་ཉིན་ཞིག་ཁོང་གིས་བྱ་བྲལ་ཆོས་དབྱིངས་ཁྱབ་གདལ་གྱིས་རྣམ་ཐར་ཞིབ་གཟིགས་གནང་སྐབས་ཐུན་མོང་མ་ཡིན་པའི་དངོས་སུ་མཇལ་མོས་ངང་། དྭངས་འདོད་ཡིད་ཆེས་ཀྱི་དད་པའི་མེ་ཏོག་ཐུགས་ལ་འཁྲུངས་ཏེ་གསང་སྟབས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་ཟླ་ཞགས་ཀྱི་དུས་ཀྱིས་བགྲོད་པའི་སྐུ་ངལ་ལ་མ་ལྟོས་པར་ལི་མདོ་དགོན་དུ་བསྒྱུར་ཏེ་བྱ་བྲལ་ཆོས་དབྱིངས་ཁྱབ་གདལ་གྱི་ཞབས་ཀྱི་པདྨོ་དྲི་མ་མེད་པར་གཙུག་ཏུ་བསྐུར་ནས་ཡིད་ཁྱེད་ཤེས་ཀྱི་གུས་པས་ཉེ་བར་བཏུད་འཕྲལ་ཐུགས་བརྩེ་བ་ཆེན་པོའི་རྗེས་སུ་བཟུང་སྟེ་མདོ་སྔགས་རིག་གནས་བཅས་པར་གདམ་པའི་སྣོད་དུ་གྱུར་ཏེ་ལས་ཅན་སྐལ་ལྡན་གྱི་སྐྱེས་བུ་ལ་མི་འཕྲོག་པའི་ཤེས་རབ་དྲི་མ་མེད་པ་ལ་དབང་འབྱོར་བའི་དགོངས་རྒྱུད་ཀྱི་བྱིན་རློབས་བསྩལ།

  ལྕགས་འབྲུག་སྟེ་སྤྱི་ལོ་2000ལོ་ནས་བཟུང་རྒྱ་དཀར་ནག་དང་ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་ཕྲག་ལྷག་ལ་གནས་སྐོར་གཟིགས་ཞིབ་ཏུ་ཕེབས་ཏེ་མི་རིགས་གཞན་གྱིས་སོ་སོའི་རིག་གཞུང་སྲུང་སྐྱོབ་རྒྱུན་འཛིན་ཇི་ལྟར་གཏོང་ལུགས་ལ་ནན་ཏན་གྱིས་ཞིབ་རྟོག་རྒྱུས་ལོན་མཛད།  ཁོང་གིས་ཐུགས་སུ་མི་རིགས་ཀྱི་ཚེ་སྲོག་དང་ཟུངས་ཁྲག་ནི་རིག་གཞུང་སྲུང་སྐྱོབ་དང་སློབ་གཉེར་སྦྱོང་བརྩོན་ཁོ་ན་ལ་རག་ལས་པར་མཁྱེན་ནས་དོ་ཁུར་ཆེན་པོའི་མ་འོངས་པར་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་འཛིན་སྤེལ་གྱི་ལས་ལ་ཤ་ཁྲག་རུས་གསུམ་གྱི་ཞབས་ཏོག་བསྒྲུབ་རྒྱུའི་དམ་བཅའ་མི་འདོར་བར་རྡོ་རྗེའི་ཐུགས་ལ་བཏགས།  
  ཤིང་སྤྲེལ་སྟེ་སྤྱི་ལོ་2004ལོར་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་ནས་རྒྱ་བོད་ཀྱི་རིག་གཞུང་མཐའ་དག་སྦྱངས་བརྩོན་གྱི་ཐུགས་ཀྱི་བུམ་པར་གཅིག་ཏུ་འཁྱིལ་བའི་དངོས་གྲུབ་ཀྱི་བདུད་རྩིའི་གསོས་སུ་ལོངས་སྤྱོད་པའི་མཐར་ཕྱིན་སློབ་མའི་སྦྱོང་འབྲས་ཀྱི་སྐལ་བ་ཐོབ།   མེ་ཕག་སྟེ་སྤྱི་ལོ་2007ལོར་པེ་ཅིང་མཐོ་རིམ་སློབ་ཆེན་ནང་བསྟན་ཆེད་ལས་སྡེ་ཁག་ནས་སློབ་མཐར་ཕྱིན་ཏེ་རིས་མེད་རྒྱལ་བསྟན་ཡོངས་ཀྱི་སྲོག་ཤིང་བསྟན་པ་དང་འགྲོ་བ་ཡོངས་ཀྱི་དཔལ་མགོན་དམ་པ།    བདག་ཉིད་ཆེན་པོ་འདིའི་སྐུ་གསུང་ཐུགས་ཀྱིས་མཛད་པ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་ཇི་སྲིད་འཁོར་བར་མ་སྟོང་བར།   ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་གནས་སྐབས་དང་མཐར་ཐུགས་ཀྱི་ཕན་བདེའི་ལེགས་ཚོགས་འཕེལ་བའི་རྒྱུར་འགྱུར་བའོ།  ལོ་འདིར་འཛམ་གླིང་ན་ཆེས་རིང་བའི་དཔལ་སྤྲུལ་ཨོ་རྒྱན་ཆོས་ཀྱི་འབྱུང་གནས་ཀྱི་རྡོ་མཁར་རིང་མོ་ལ་ཞལ་གསོས་ཆེད་བོད་ཀྱི་རྡོ་རྐོས་ལག་རྩལ་བ་གྲགས་ཅན་མང་པོ་གདན་ཞུས་མཛད་དེ་མི་ལོ་གསུམ་ལྷག་གི་རིང་ལ་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཆ་ཚང་རྡོ་བརྐོས་སུ་བཞེངས་འབུལ་གནང་བ་དང་།  དྲེལ་དཀར་དགོན་དུ་རྫོགས་ཆེན་སྒོམ་བསྒྲུབ་ལྟེ་གནས་གསར་འཛུགས་དང་།  གསེར་ཟངས་ལས་གྲུབ་བའི་སྐྱབས་འགྲོའི་ཚོགས་ཞིང་དང་ཞི་ཁྲོ་དམ་པ་རིགས་བརྒྱ་སོགས་བཞེངས་ནས་ལྕགས་ཡོས་ལོར་ལེགས་གྲུབ་ངང་རབ་གནས་ཀྱི་མེ་ཏོག་འཐོར།  
བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་འགན་གཞོན་པ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་དང་གླེང་མོལ་བྱེད་བཞིན་པ། 
  ས་བྱི་སྟེ་སྤྱི་ལོ་2008ལོར་རྫ་ཀིཿལུང་དགོན་དུ་སློབ་གྲྭ་དང་གླིང་ནག་དགོན་དུ་བཤད་གྲྭ་སོགས་གསར་འཛུགས་དང་ཆ་རྐྱེན་ཞན་པའི་ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་བརྒྱ་ཕྲག་མང་པོ་གསོ་སྐྱོང་མཛད། གཞན་ཡང་བཤད་གྲྭ་དང་སློབ་གྲྭ་མང་པོར་ཟས་གོས་ཟླ་ཕོག་སོགས་དཔལ་འབྱོར་ཡོངས་རྫོགས་ཀྱི་མཐུན་རྐྱེན་བསྐྲུན། ལྷག་པར་དུ་ཡོངས་འཛིན་ཡིད་བཞིན་ནོར་བུའི་བཀའ་ལུང་ལྟར་གླིང་ནག་དགོན་དུ་བཤད་གྲྭའི་ལྷ་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་མཛད།
  ལྕགས་སྟག་སྟེ་སྤྱི་ལོ་2010ལོར་ལྷ་ལྡན་དུ་གནས་བསྐོར་དང་ཆོས་མཇལ་གྱིས་ཞབས་སོར་འཁོར་ལོའི་བསྒྱུར་བའི་ལམ་བར་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བྱོན་ཏེ། རང་འདོད་ཡིད་བྱེད་དང་བྲལ་བའི་སྤྱིར་འཛམ་བུ་གླིང་དང་ཁྱད་པར་དུ་བོད་ཁ་བ་ཅན་གྱི་སྐྱེ་འགྲོ་ཡོངས་ཀྱི་ནད་མུག་འཁྲུགས་བརྩོད་དང་། འགལ་རྐྱེན་མི་མཐུན་པའི་ཚོགས་མཐའ་དག་ཞི་ཞིང་མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པའི་ལེགས་ལམ་ལ་དམིགས་ཏེ་ཐུགས་བསྐྱེད་དང་སྨོན་ལམ་བཟང་པོའི་མཚམས་སྦྱར་ཏེ། མ་འདྲིས་འགྲོ་བའི་རྩ་ལག་འཛམ་གླིང་སྐྱེ་རྒུ་ཡོངས་ཀྱི་ལྷ་སྐལ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་ཞལ་སྐྱིན་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ལུས་ལ་རིན་ཆེན་དང་པོའི་ཞལ་གསོས་དང་།  འཛམ་བུ་ཆུ་གསེར་གྱིས་རིགས་ལྔའི་ཅོད་པན་ལ་རིན་ཆེན་སྣ་ལྔའི་ཕྲ་ཚོམ་གྱིས་མཛེས་རྒྱན་དང་།  གསེར་གྱི་ལྷུང་བཟེད་སོགས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་སྤྲིན་དུ་མས་མཆོད་པ་ཕུལ་བའོ། །
  ཁོང་གིས་ད་ལྟ་དངོས་སུ་ལས་གཉེར་མཛད་བཞིན་པ་ནི་ཧི་མ་ལའི་དཔེ་མཛོད་ཁང་། ཧི་མ་ལའི་སྒྲ་བསྒྱུར་གླིང་། ཧི་མ་ལའི་དུས་དེབ། ཧི་མ་ལའི་སྐབས་དོན་ལས་གཞི་བཅས་ལས་རིགས་སྡེ་ཁག་མི་འདྲ་བ་གཙོ་བོ་ལྔ་རྩ་འཛུགས་བྱས་ཡོད། འདིས་མ་འོངས་པར་བོད་ཀྱི་ལོ་རྒྱུས་སུ། བོད་ཁུལ་དུ་གཅིག་གྱུར་གྱི་རིག་མཛོད་ཁང་ཆེན་མོ་གསར་དར་དང་བོད་རིག་པའི་དཔེ་མཛོད་ཁང་ཆེན་མོ་གསར་དར། བོད་རིག་པ་འཛམ་གླིང་ཧྲིལ་པོར་གསར་དར་ཐུབ་པ་སོགས་དགེ་མཚན་ཁྱད་འཕགས་ལྡན་ཡོད། ཆུ་འབྲུག་ལོ་ནས་བཟུང་བོད་ཀྱི་བཀའ་བསྟན་སོགས་ཆོས་རིག་མཐའ་དག་གི་དེབ་ལ་དཔེ་རྟགས་དང་ཡིག་གཟུགས། དེབ་ཚད། དེབ་ཕྲེང་། རྣམ་པ་སོགས་གཅིག་གྱུར་གྱི་དཔར་བསྐྲུན་བྱ་རྒྱུ་དང་། འཕྲུལ་དེབ་ཏུ་ཕབ་སྟེ་དྲྭ་ལམ་སོགས་ནས་འགྲེམ་སྤེལ་བྱ་རྒྱུ། དྲྭ་ལམ་བརྒྱུད་འགོད་དང་དཔེ་ཆ་འགྲེམ་སྤེལ་བྱེད་སྐབས་བླུ་ཡོན་སྐར་གཅིག་ཀྱང་མི་བསྡུ་བ་སོགས་རིག་མཛོད་ཁང་འདིའི་ཐོག་མའི་དམ་བཅའ་རུ་བཟུང་འདུག    ད་དུང་ལོ་རེར་དུས་དེབ་རིགས་མི་འདྲ་བ་ཁ་ཤས་ཀྱང་སྤེལ་གཉེར་བྱས་དང་བྱེད་བཞིན་པ་ཡོད་པས།  དེ་སྔ་དེབ་དེ་དག་གི་ནང་དོན་ཁ་གསལ་ལ་གོ་བདེ་བ་བརྗོད་བྱའི་དོན་ཟབ་ལ་བརྗོད་བྱེད་སྒྲོས་གཙང་བ།  མི་རིགས་ཀྱི་རིག་གནས་གསལ་སྤེལ་དང་བསྲུང་སྐྱོང་གི་གཞི་གྲུབ་ཅིང་།  ཆོས་སྲིད་ཟུང་འབྲེལ་གྱི་བསླབ་བྱའི་གནས་མ་ནོར་གསལ་བར་སྟོན་པའི་རིན་ཐང་ལྡན་པས་རྒྱལ་ཁབ་ཉི་ཤུ་ལྷག་ལ་མིག་གི་དགའ་སྟོན་དུ་འགྲེམ་སྤེལ་བྱས་ཡོད། 

དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས་ཧི་མ་ལ་ཡའི་རིག་མཛོད་ཁང་ལ་གཟིགས་ཞིབ་གནང་བཞིན་པ།

  ཤིང་རྟ་སྟེ་སྤྱི་ལོ་2014ལོར་ཧི་མ་ལའི་དགེ་ལས་ཐེབས་རྩ་ཚོགས་པ་གསར་དུ་བཙུགས་ནས་ཁོང་གིས་རིས་སུ་མ་ཆད་པའི་བྱམས་པ་ཆེན་པོས་ཀུན་ནས་བསླངས་ཏེ་ནད་པ་ཚབས་ཆེན་ལ་སྨན་ཡོན་གྱི་རོགས་སྐྱོར་གནང་བ་དང་།  སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་དབང་པོ་སྐྱོན་ཅན་ལ་ཞལ་འདེབས་དང་ཞབས་ཞུ་བསྒྲུབས་པ།   བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་དྭ་ཕྲུག་ཉམ་ཐག་པའི་སེམས་ཅན་ལ་གསོ་སྐྱོང་སོགས་དང་ཟང་ཟིང་གི་མཐུན་རྐྱེན་རྒྱ་ཆེར་གནང་།
  ལྷག་པར་དུ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་པདྨ་བཀའ་ཐང་ལྟར་སྐྱེས་རབས་དང་བསྟུན་པའི་འཛམ་གླིང་གི་རི་མོའི་སྒྱུ་རྩལ་གྱི་སྙིང་པོ་འདུས་པར་གསེར་དངུལ་བཀྲ་མའི་ཐང་སྡེབ་ཆིག་སྟོང་སུམ་བརྒྱ་ལས་རིང་ཚད་ལེ་དབར་གསུམ་ལྷག་བཞེངས་སྐྲུན་གནང་བཞིན་ཡོད་པས་2017ལོར་ལེགས་འགྲུབ་ཀྱི་འཆར་གཞི་བཀོད་ཡོད།  གཞན་ཡང་བོད་ཀྱི་གནའ་དཔེའི་རིག་གཞུང་མཐའ་དག་རྒྱལ་ཕྱི་ནང་ཀུན་ཏུ་འཚོལ་སྡུད་ཀྱི་ལས་ཞུགས་མཛད་ནས་དེ་དག་དཔེ་སྐྲུན་བྱས་ཏེ་འཛམ་གླིང་ན་འདྲེན་སྤེལ་བྱེད་སྒོ་སྤེལ། 
  མིག་སྔར་ཧི་མ་ལའི་རིག་མཛོད་ཁང་གིས་འཚོལ་སྡུད་ཞུ་དག་སོགས་ཚད་ལྡན་གྱིས་གསུང་འབུམ་ཆ་ཚང་ལ་པོད་དགུ་བཅུ་གོ་ལྔ་ཅན་གྱི་བོ་དོང་གསུང་འབུམ་ཆེན་མོ་ཚར་སུམ་སྟོང་དཔར་སྐྲུན་བགྱིས་ནས་དགོན་སྡེ་དང་སློབ་གྲྭ། དཔེ་མཛོད་ཁང་སོགས་བོད་ཙམ་མ་ཡིན་པར་རྒྱལ་ཁབ་དང་ས་གནས་མང་པོར་རིན་མེད་གཟིགས་འབུལ་བྱས་དང་བྱེད་མུས་སུ་ཡོད་པ་ལྟར། ཆ་རྐྱེན་གསུམ་ཚང་བའི་དགོན་སྡེ་ཁག་དང་བཤད་གྲྭ། སློབ་གྲྭ། དཔེ་མཛོད་ཁང་སོགས་ལ་ཧི་མ་ལའི་རིག་མཛོད་ཁང་གིས་དཔར་སྐྲུན་བྱས་པའི་དཔེ་མཛོད་ཆ་ཚང་རེ་རིན་མེད་གཟིགས་འབུལ་བྱ་རྒྱུའི་འཆར་གཞི་བཙུགས་པ་སོགས་ཁོང་གིས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་བྱ་བ་རླབས་པོ་ཆེ་བསྒྲུབས་པའི་ངལ་བ་རྒྱན་དུ་བཏགས་ནས་ཡོད། 
ཧི་མ་ལ་ཡའི་རིག་མཛོད་ཁང་གི་གཞུང་སྒྲུབ་ཁང་། 
  ཁོང་ལ་བོད་ཀྱི་རིག་གནས་དར་སྤེལ་མཁན་དང་ཐབས་ལམ་གསར་པའི་ལམ་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་སྔོན་སྐྱོད་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།
  ཁོང་ནི་དོན་དངོས་ཀྱི་དུས་རབས་དང་བསྟུན་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཕོ་ཉ་བ་གསར་པ་་ཞིག་དང་མིའི་རིགས་ལ་ཞབས་འདེགས་སྒྲུབ་མཁན་གྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་གོ །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1