ཞི་ཅིན་ཕིང་གིས་ཕོ་ལན་གྱི་སྲིད་འཛིན་ཏོའུ་ཏ་དང་གྲོས་མོལ་མཛད།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-21


  སྤྱི་ཟླ་6པའི་ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝར་སོ་རུ་ཕོ་ལན་གྱི་སྲིད་འཛིན་ཏོའུ་ཏ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ཕོ་ལན་གྱི་མཛའ་མཐུན་འབྲེལ་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོ་བའི་གདེང་འཇོག་གནང་། ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་མཐུན་འབྲེལ་བར་འཕར་བ་དང་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་རྒྱུ་ཐག་གཅོད་བྱས། 
  ཞི་ཅིན་ཕིང་གིས་ཕོ་ལན་ནི་ཀྲུང་གོ་གསར་པར་ཁས་ལེན་དང་འབྲེལ་བ་བཙུགས་པ་ཆེས་སྔ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འབྲེལ་བའི་ཆུ་རྒྱུན་ཤིན་ཏུ་རིང་། འབྲེལ་བ་བཙུགས་ནས་ལོ་ངོ་67འགོར་བའི་རིང་ལ། ཀྲུང་གོ་དང་ཕོ་ལན་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ཞིང་། ལྷག་པར་ཀྲུང་གོ་དང་ཕོ་ལན་གྱི་འཐབ་ཇུས་མཛའ་མཐུན་འབྲེལ་བ་གཏན་ཁེལ་བྱས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཇེ་མང་དུ་གྱུར་ཞིང་བཟོ་ཚོང་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་མི་ཆོས་བརྗེ་རེས་སྔར་ལས་ཇེ་མང་དུ་གྱུར། ཀྲུང་གོའི་ཕྱོགས་ནས་ཕོ་ཕན་བར་གྱི་སྲོལ་རྒྱུན་མཛའ་འབྲེལ་ལ་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཕོ་ལན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན། 
  ཏོའུ་ཏ་ཡིས་ཞི་ཅིན་ཕིང་ཕོ་ལན་དུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཕོ་ལན་དང་ཀྲུང་གོའི་མཐོ་རིམ་འགྲོ་འོང་གཏིང་ཇེ་ཟབ་ཏུ་ཕྱིན་ཞིང་ཆབ་སྲིད་ཡིད་ཆེས་དང་སྲོལ་རྒྱུན་འབྲེལ་བ་ལེགས་པོ་ལྡན། ཕོ་ལན་གྱིས་ཀྲུང་གོའི་འཕེལ་རྒྱས་ལ་བརྩི་འཇོག་དང་ཡིད་སྨོན་བྱེད་བཞིན་ཡོད་ལ། ཕོ་ལན་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་མཐུན་འབྲེལ་བའི་སྒྲིག་གཞི་འོག་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་དང་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་སྟེགས་བུ། དེ་མིན་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་འཇོག་དངུལ་ཁང་བརྒྱུད་དེ། ཀྲུང་གོའི་བཟོ་ཚོང་དང་མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཕོ་ལན་ནི་ཀྲུང་གོ་ཡོ་རོབ་གླིང་དུ་བསྐྱོད་པའི་སྒེའུ་ཁང་དུ་གྱུར་འདོད་པ་དང་། ཕོ་ལན་ཕྱོགས་ནས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོའི་ཕྱོགས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་གཙོ་སྐྱོང་གནང་བར་རྒྱབ་སྐྱོར་བྱ་འདོད་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1