༄༅།། རིན་ཆེན་སྒྲོལ་མ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-29


གླུ་མ་ཞིག་དང་ཉེ་བར་བཅར་བའི་ཟིན་བཀོད།

    རིན་ཆེན་སྒྲོལ་མ། 2002ལོར་བོད་ལྗོངས་ཀྱི་ཡུལ་སྐོར་གཟུགས་བརྙན་ཚབ་མཚོན་མི་སྣའི་མཚན་སྙན་ཐོབ།  2008ལོར་སྐྱེས་པའི་སྐད་གདངས་མཐོ་བའི་གླུ་བ་གྲགས་ཅན་ཝང་ཡུང་ཁྲུན་གྱི་རོལ་མོའི་དགོང་ཚོགས་སུ་གདན་ཞུ་ལྟར་འཁྲབ་སྟོན་བྱས།  2011ལོར་ཀོང་ཏུང་ཞིང་ཆེན་སྐབས་བཅུ་པའི་དབྱངས་ཀྱིས་ཀྲུང་ཧྭར་བསྟོད་ཅེས་པའི་གླུ་གཞས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།  2012ལོའི་ཟླ་4པར། རྒྱལ་ནང་གི་《སྒྱུ་རྩལ་ལ་དཔྱད་པ།》ཞེས་པའི་དུས་དར་དུས་དེབ་ཀྱི་མདུན་ཤོག་མི་སྣར་བདམས་བཀོད་བྱས།  2013ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ཏེ་ལོ་འཁོར་60ལོན་པའི་ཁུལ་སྟོན་ལ་ཆེད་དུ་གདན་འདྲེན་ཞུས་ཏེ་རྐྱང་གཞས་སྒྲོལ་མའི་ཨ་རྩེད་ཕབ་བསྐྲུན་བྱས།  2002ལོ་ནས་བཟུང་དྲི་ཟའི་གདངས་དབྱངས་ཅེས་པའི་མི་སྒེར་གྱི་རོལ་དབྱངས་ཆེད་ཚོགས་དུ་མ་བསྡུས།  

གསར་འགོད་པ། ཉེ་ཆར་བྲེལ་བ་ཆེའམ། 
རིན་ཆེན་སྒྲོལ་མ། ཕ་ཡུལ་ནས་ཕྱིར་ལོག་ཏེ་ཡུན་རིང་མིན་པས་བྱ་བ་ཅུང་ཙམ་མང་པོ་འདུག 
གསར་འགོད་པ།  ད་ཐེངས་ཁྱེད་རང་གི་《ནང་མ།》ཞེས་པའི་རྐྱང་གཞས་ཤིག་གསར་དུ་འགྲེམ་སྤེལ་བྱས་འདུག དེ་མཚམས་སྦྱོར་རགས་བསྡུས་ཤིག་བྱ་རོགས།  
རིན་ཆེན་སྒྲོལ་མ།  རྐྱང་གཞས་འདི་མ་གཞིར་ཕ་ཡུལ་གྱི་དམངས་ཁྲོད་གླུ་གཞས་ཤིག་ཡིན་ཏེ་འདིར་ང་རང་ཉིད་ཀྱི་གོ་བ་ལོན་ཚོད་ཀྱིས་བསྒྱུར་སྒྲིག་གསར་རྩོམ་བྱས་པ་ཞིག་ཡིན། དེ་ཡང་སྔ་རྗེས་སུ་དུས་ཚོད་མང་པོ་ཞིག་འགོར་འགྱངས་བྱས་སོང་། དེ་མིན་གཟུགས་བརྙན་ཕབ་ལེན་གྱི་ཆ་ཤས་དེ་བོད་ལྗོངས་ནས་ཁག་ཅིག་དང་ཀོང་ཀྲུའུ་རུ་ཁག་ཅིག་ཕབ་ལེན་བྱས་ཡོད། ཕབ་ལེན་པ་ནི་མིང་གྲགས་ཆེ་བའི་བརྙན་ལེན་སྒྱུ་རྩལ་པ་ཐུའུ་ཝུན་ཨང་ཡིན། ཁོང་ངའི་དགེ་རྒན་ཡིན། 
གསར་འགོད་པ།  ཁྱེད་རང་དགེ་རྒན་ཁོང་དང་ཅི་ལྟར་འཕྲད་པ་ཡིན། 
རིན་ཆེན་སྒྲོལ་མ། སྐབས་དེར་དགེ་རྒན་ཁོང་ཉིད་བོད་ལྗོངས་སུ་བརྙན་ལེན་པར་འོང་པ་དང་ཞོར་ནས་གཟུགས་དཔེ་འཚོལ་རྙེད་བྱེད་པའི་གོ་རིམ་ཁྲོད་རང་ཉིད་བདེ་བླག་ངང་བདམས་ཐོན་བྱུང་པའི་གཟུགས་དཔེ་ཁོ་ན་རུ་གྱུར། 
གསར་འགོད་པ།  སྔོན་ཆད་དྲ་ངོས་སུ་ཁྱེད་རང་གི་པར་རིས་བརྩམས་ཆོས་འགའ་འཁོར་རྒྱུག་ཆེ་ཞིང་དགའ་བསུ་ཆེན་པོ་ཐོབ་འདུག་སྟེ། དེ་དགེ་རྒན་ཁོང་གི་བརྩམས་ཆོས་ཡིན་ནམ། 
རིན་ཆེན་སྒྲོལ་མ། རེད་ལགས། བརྩམས་ཆོས་དེའི་ནང་གི་གྱོན་ཆས་དེ་ངའི་ཨ་ཕྱིའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ལྭ་བ་ཡིན། དང་ཐོག་ང་ཕ་ཡུལ་ནས་རྒྱལ་ནང་དུ་འགྲན་ཞུགས་སུ་ཕྱིན་སྐབས་ཆེད་དུ་འཁྱེར་ཡོང་པའི་འཁྲབ་གོས་མདངས་རྩིས་ཅན་ཞིག་ཀྱང་ཡིན། 
གསར་འགོད་པ།  དྲི་ཟའི་གདངས་དབྱངས་ཅེས་པའི་མཚན་སྙན་དེ་ཅི་ལྟར་ཐོབ་པ་ཡིན། 
རིན་ཆེན་སྒྲོལ་མ། ཕལ་ཆེར་ངའི་སྐད་གདངས་ཀྱི་ཁྱད་ཆོས་ལས་ལྟད་མོ་བར་བྱིན་པའི་ཚོར་བ་ཞིག་ཡིན་པ་འདྲ། 
གསར་འགོད་པ། ཤེས་གསལ་ལྟར་ན་ཁྱེད་རང་གླུ་བ་དང་གཟུགས་དཔེའི་ཐོབ་ཐང་ཡོད་པ་མ་ཟད་ད་དུང་བཟོ་བཀོད་དང་ཞབས་བྲོའི་ཐད་ལའང་རྒྱུས་ལོན་དང་བསྦྱང་བ་ཡོད་ཟེར་པ་བདེན་ནམ། 

རིན་ཆེན་སྒྲོལ་མ། རེད། ང་རང་ཆུང་དུས་ནས་དེའི་ཕྱོགས་སུ་དགའ་སྤྲོ་ཆེན་པོ་ཡོད། ཚོར་བ་ཟབ་མོ་དེ་ལས་ནམ་རྒྱུན་འཁྲབ་སྟོན་ཁྲོད་ཞབས་བྲོའི་ཚན་ཆུང་རེ་ཇུས་འགོད་བྱ་རྒྱུར་ཤིན་ཏུ་དགའ། དེ་ལས་གཞན། ཨ་ཕྱི་དང་ཨ་མ་གཉིས་ཀྱི་ཤུགས་རྐྱེན་འོག་ཚོན་མདོག་དང་ཐིག་ལམ་ཇུས་འགོད་ཐད་ཚོར་བ་སྐྱེན་པོ་ཡོད། ངའི་ཨ་ཕྱི་དང་ཨ་མ་ཕ་ཡུལ་དུ་ཅུང་མིང་གྲགས་ཆེ་བའི་བཟོ་བ་ཞིག་ཡིན་ཞིང་ང་རང་གི་འཁྲབ་གོས་མང་ཤོས་ཁོང་གཉིས་ཀྱིས་བཟོས་པ་ཡིན། 

གསར་འགོད་པ། ཁྱེད་རང་གི་ཁྱིམ་མི་ཚོས་རང་གིས་སྒྱུ་རྩལ་གྱི་ལམ་བུ་འཚོལ་སྙེག་བྱེད་པར་རྒྱབ་སྐྱོར་ཡོད་དམ། 

རིན་ཆེན་སྒྲོལ་མ། ཁྱིམ་མི་ཚོས་རྒྱབ་སྐྱོར་ཆེན་པོ་ཡོད། ལྷག་པར་དུ་ཨ་ཕྱི་དང་ཨ་མ་གཉིས་ཀྱིས་ནམ་རྒྱུན་ང་ལ་རྒྱུ་ཆ་རྩ་ཆེན་གང་མང་མཁོ་འདོན་བྱས་ཡོད། 
གསར་འགོད་པ། མ་འོངས་པར་རང་གི་ཕུགས་འདུན་ཐད་ལ་འཆར་གཞི་ག་འདྲ་ཡོད།  

རིན་ཆེན་སྒྲོལ་མ། སྔར་བཞིན་ང་རང་གི་གླུ་གཞས་ཁྱད་ཆོས་རྒྱུན་འཁྱོངས་ཏེ་རང་ནུས་སྒོས་བོད་ཁུལ་དམངས་ཁྲོད་གླུ་གར་རྒྱུ་ཆ་འཚོལ་སྡུད་དང་མུ་མཐུད་དུ་ཕ་སྐད་གླུ་གཞས་བརྩམས་ཆོས་འཁྲབ་སྟོན་རྒྱུན་འཛིན་བྱ་རྒྱུ་དེ་ཡིན།  

    མཚོ་སྔོན་ཨ་མདོ་རུ་འཚར་ལོངས་བྱུང་བའི་བོད་རིགས་བུ་མོ་འདི་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་འཚོ་བའི་ལམ་བུ་ཞིག་འཚོལ་སྙེག་བྱེད་བཞིན་ཡོད་དེ། ཁོ་མོས་སྐད་ངག་དང་རྡོག་བྲོ་ལ་བརྟེན་ནས་འཚོ་བའི་བསམ་ཚོར་ཕྱི་རོལ་ཏུ་མངོན་བཞིན་ཡོད། གཤིས་བཟང་གཞུང་དྲང་གི་ཁོ་མོ་ཡང་རང་ཚུགས་ཐུབ་པའི་བུ་མོ་ཞིག་ཀྱང་ཡིན། སྲོལ་རྒྱུན་རིག་གནས་ལ་རྒྱུད་འཛིན་དར་སྤེལ་བྱེད་པ་ནམ་ཡང་བརྗེད་མེད་པར། འཚོ་བའི་ཁོར་ཡུག་གིས་ཤུགས་རྐྱེན་འོག ཁོ་མོས་བོད་ཀྱི་སྲོལ་རྒྱུན་དམངས་གཞས་དེ་དག་ཡང་ནས་ཡང་དུ་ཞིབ་འཇུག་གསར་གཏོད་བྱས་པ་བརྒྱུད་དེང་རབས་དར་སྲོལ་གྱི་རྣམ་པ་ལྡན་པའི་བརྩམས་ཆོས་ལེགས་ཤོས་གསར་བརྩམས་བྱས་ཡོད། འདི་ནི་ཁོ་མོས་ཕ་ཡུལ་དང་གཉེན་ཉེ། དེ་མིན་འཚོ་བར་བཅངས་པའི་བརྩེ་སེམས་དྲོན་མོ་དེའོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1