༄༅།། རྡོ་རུས་སྦལ།

མར་ཁུ་རྒྱལ་མཚན། རྩོམ་སྒྲིག་པ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-01


    ང་རང་ལོ་ན་བདུན་བརྒྱད་ཙམ་ལ་སོན་པའི་དུས་སྐབས་དེར། སྡེ་བའི་ཁ་ཡ་ན་ཟླ་ཚོ་དང་ལྷན་དུ་གཟའ་ཉི་མའི་ཉིན་སྡེ་འདབས་ཀྱི་རྨ་ཆུའི་ཁ་དང་སྡེ་བ་གཞན་གྱི་སྡོང་ར་སོགས་ཀྱི་ནང་དུ་རྩེ་རུ་འགྲོ་རྒྱུར་ཧ་ཅང་དགའ་བོ་ཡོད། 
    གཟའ་ཉི་མའི་ཉིན་ལ་ང་རང་ཁ་ཡ་ན་ཟླ་ཚོ་དང་ལྷན་དུ་མ་བགྲོས་རང་མཐུན་ངང་རྨ་ཆུའི་ཁར་སོང་ནས་ཆུ་རྐྱལ་བྱེད་པ་དང་སྡེ་བ་གཞན་གྱི་སྡོང་རའི་ནང་དུ་སོང་སྟེ་འཐེན་རྡེའུ་སྤྱད་ནས་བྱིའུ་ཆུང་བསད་པ་སོགས་གྲངས་མེད་ནའང་།  ངའི་ཡིད་ཀྱི་མེ་ལོང་ངོས་ན་ད་ལྟའང་ད་དུང་ལུས་ཡོད་པ་ནི་ཕ་ཡུལ་གྱི་ཆུ་རྐའི་འགྲམ་ན་ཁེར་རྐྱང་དུ་ལུས་ཡོད་པའི་རྡོ་རུས་སྦལ་དེ་རེད། 
    གཟའ་ཉི་མའི་ཉིན་ཞིག    ང་རང་སྡེ་བའི་བྱིས་པ་ཁ་ཤས་དང་མཉམ་དུ་གཡུལ་ཁ་ན་བདའ་མ་འདེད་རེས་བྱེད་བཞིན་པའི་སྒང་ལ།  ང་ཚོ་སྡེ་བའི་ནང་ན་ང་ཚོ་ལས་ལོ་བཞི་ལྔ་ཙམ་གྱི་ཆེ་ཞིང་མིང་ལ་བྱ་ཀོ(ཁོའི་དངོས་མིང་ལ་བཀྲ་ཤིས་དོན་འགྲུབ་ཟེར་ནའང་།   སྡེ་བའི་ནང་གི་མི་ཚང་མས་ཁོ་ལ་འདི་ལྟར་འབོད་བཞིན་ཡོད)ཟེར་བའི་བྱིས་པ་པྲ་ཚག་ཅིག་ཡོད་པ་དེ་ང་ཚོའི་གྲལ་ལ་ཡོང་ནས་དམག་དཔོན་ཞིག་དང་འདྲ་བར། ཨ་རོགས་ཚོ།   ང་ཚོ་དེ་རིང་གང་ལ་རྩེ་རུ་འགྲོ་རྒྱུ། ཞེས་དྲིས་བྱུང་། སྐད་ཆ་དེ་ཐོས་མ་ཐག  བྱིས་པ་ཚང་མས་ཕན་ཚུན་གྱི་གདོང་ལ་ཅེར་བཞིན་ལན་གང་ཡང་གདབ་མ་བྱུང་།  ཡུད་ཙམ་འགོར་རྗེས། ཁོས་དམག་དཔོན་ཞིག་དང་ཞིག་ལྟར། ཨ་རོགས་ཚོ།  དེ་རིང་ཁྱོད་ཚོ་ངའི་རྗེས་འབྲང་བཞིན་ཤོག་དང་། ང་ཚོ་དེ་རིང་གྲམ་ཆུའི་ནང་ལ་ཉ་འཛིན་དུ་འགྲོ་ཟེར། བྱིས་པ་རྣམས་ཀྱིས་སྐད་ཆ་དེ་ཐོས་མ་ཐག་དགའ་ནས་འུར་བརྒྱབ་བྱུང་།  དེ་ནས་ང་ཚོ་ཁོའི་རྗེས་འབྲང་བཞིན་གྲམ་ཆུའི་ཁར་སོང་བ་ཡིན།  གད་སྙིགས་སྣ་ཚོགས་སྤུངས་ཡོད་པའི་ཆུ་རྐ་ཞིག་གི་འགྲམ་ལ་ཐོན་པ་ན།  ཁོས་ཡིད་ལ་ཅི་ཞིག་དྲན་པ་ལྟར། ཨ་རོགས་ཚོ།  ཉ་འཛིན་ན་ཉ་རྒྱ་དགོས་པ་རེད། ང་ཚོས་ཁྱིམ་ཕྱགས་ཀྱི་ནང་ནས་ཉ་བཟུང་སྤྱད་ཅིག་ཡིན་གཅིག་མིན་གཉིས་འཚོལ་དགོས་ཟེར་བ་ན།  བྱིས་པ་རྣམས་ཀྱིས་གད་སྙིགས་ཀྱི་ཁྲོད་ནས་ས་སློག་རྡོ་སློག་བྱེད་བཞིན་ཉ་བཟུང་སྤྱད་ཅིག་འཚོལ་མགོ་བརྩམས་བྱུང་། གློ་བུར་དུ་མིང་ལ་དོན་བྷེ་ཟེར་བའི་བྱིས་པ་ཞིག་གིས་ལག་ལ་དྲ་ཁེབས་ཧྲུལ་པོ་ཞིག་བཟུང་བཞིན་སྐད་གསེང་མཐོན་པོས། ཨ་རོགས་ཚོ། ངས་ཉ་འཛིན་སྤྱད་ཅིག་རྙེད་ཡོད། ཅེས་འུར་བརྒྱབ་པ་ན། བྱ་ཀོས་དེ་མ་ཐག་ཁུག་མ་ལས་དུ་སྣེ་ཞིག་བླངས་ནས་ཁྱོད་ངར་བ་རེད།  འདི་ཁྱོད་ཀྱི་དགའ་རྟགས་ཡིན་ཟེར་བཞིན་དུ་སྣེ་དེ་བྱིས་པ་དེ་ལ་བྱིན་སོང་། 
    ང་ཚོ་གྲམ་ཆུའི་ཁར་བསྐྱོད་བཞིན་པའི་སྐད་ཅིག་མ་དེར།  གློ་བུར་དུ་བྱིས་པ་ཞིག་གིས་ཨ་རོགས་ཚོ། སྐལ་བཟང་མིག་རྐོ་མི་འདུག་ཅེས་སྐད་བརྒྱབ་བྱུང་།  ང་ཚོ་ཚང་མས་མཉམ་གཅིག་ཏུ་རྒྱབ་ཕྱོགས་སུ་ཅེར་བ་ན།   གད་སྙིགས་སྣ་ཚོགས་སྤུངས་ཡོད་པའི་ས་དེ་ན་མིང་ལ་སྐལ་བཟང་ཟེར་བའི་བྱིས་པ་དེ་རྡོ་ལས་བཟོས་པའི་རུས་སྦལ་ཞིག་གི་སྟེང་ལ་ཞོན་འདུག་ཅིང་།  ཁོས་ཁོ་རང་རྟ་ལ་ཞོན་ཡོད་པ་ལྟར་ལག་ལ་ལྕང་ལྕུག་ཅིག་བཟུང་ནས་རྡོ་རུས་སྦལ་དེའི་སྟེང་ལ་ཤུགས་ཀྱིས་འབྲབ་བཞིན་ཡོད་པ་དང་ཁ་ནས།  དིར་ཆའོ།  དིར་ཆའོ། ཞེས་བར་མེད་དུ་བརྗོད་བཞིན་འདུག      ཏག་ཏག་སྐབས་དེར་བྱ་ཀོས་ཅི་ཞིག་ཤེས་ཡོད་པ་ལྟར་ཐད་ཀར་བྱིས་པ་དེའི་ཕྱོགས་སོང་ནས་བྱིས་པ་དེ་རྡོ་རུས་སྦལ་སྟེང་ནས་མར་ལ་དྲུད་རྗེས་མཛུབ་མོས་བྱིས་པ་དེ་གདོང་ལ་བཙུགས་ནས། ཁྱོད་ཤི་འདོད་དམ། ངེད་ཚང་གི་ཨ་ཕས་བཤད་ན། རྡོ་རུས་སྦལ་འདིའི་སྟེང་ལ་འགོམ་ན། དགོང་མོ་མལ་སའི་ནང་ནས་ཁྲག་བསྐྱུག་སྟེ་ཤི་འགྲོ་བ་རེད། ཅེས་བརྗོད་བྱུང་བ་དང་བྱིས་པ་དེས་ཀྱང་གཉིད་ལས་སད་པ་ལྟར་བྱ་ཀོའི་གདོང་ལ་ཅེར་འདུག  ཡུད་ཙམ་འགོར་རྗེས། བྱ་ཀོ་ཡིས་མི་བསམ་ཤེས་ཤིག་ལྟར་ཤུགས་རིང་ཞིག་འབྱིན་རྗེས། ཨ་རོགས་ཚོ།  སང་ཕྱིན་ཆད་མི་སུ་ཡིན་རུང་རྡོ་རུས་སྦལ་སྟེང་ལ་ཞོན་མི་ཉན་པ་སེམས་ལ་བཟུང་དགོས།  ད་ང་ཚོ་ཉ་འཛིན་དུ་འགྲོ་ཟེར། དེ་ནས་ང་ཚོ་ཁོའི་རྗེས་འབྲང་བཞིན་གྲམ་ཆུའི་ཁར་ཉ་འཛིན་དུ་སོང་བ་ཡིན།   གྲམ་ཆུའི་ཁར་ཐོན་མ་ཐག་བྱིས་པ་རྣམས་ཀྱིས་རང་རང་གི་གོན་པ་ཕུད་དེ་དགའ་ལྷང་ལྷང་གིས་གྲམ་ཆུའི་ནང་དུ་མཆོངས་ནས་ལ་ལས་ཆུ་རྩེད་བྱེད་པ་དང་ལ་ལས་དྲ་ཁེབས་ཁྱེར་སོང་ནས་ཉ་འཛིན་བཞིན་འདུག  ཡང་དྲ་ཁེབས་མེད་པ་དག་གིས་སྟོད་གོས་ཀྱི་ཕུ་རུང་གཉིས་ཀ་མདུད་ནས་གྲམ་ཆུའི་ནང་ན་ཉ་བཟུང་གིན་འདུག  
    དུས་ཚོད་གཉིས་གསུམ་ཙམ་ལ་ཆུ་རྐྱལ་བྱས་པ་དང་ཉ་བཟུང་མཐར།  བྱིས་པ་ལ་ལས་རང་གིས་བཟུང་ཡོད་པའི་ཤེལ་དམ་ནང་གི་ཉ་དག་ལ་ཁ་རྩེད་བཞིན་ཡོད་པ་དང་རྡོ་ཕ་བོང་དག་གི་སྟེང་ན་རང་ལུས་ཉི་མར་སྲོ་བཞིན་པའི་བྱིས་པ་དག་གིས་མགྲིན་གཅིག་ཏུ།
    ཨ་མ་ཉི་མ་ཤར་ཤར། །བུ་ཆུང་ལག་བྱིས་འཁྱག་ཐལ ༎བུ་མོའི་རྐང་བྱིས་འཁྱག་ཐལ ༎ཨ་མ་ཉི་མ་ཤར་ཤར། །བུ་ཆུང་ལག་བྱིས་འཁྱག་ཐལ། །བུ་མོའི་རྐང་བྱིས་འཁྱག་ཐལ། ། …… ཞེས་ཚིག་རྐང་དེ་གསུམ་དབྱངས་སུ་གྱེར་ནས་ཡང་ཡང་ཟློ་བཞིན་འདུག
    ཕྱི་དྲོའི་དུས་ཚོད་བཞི་ལྔ་ཙམ་གྱི་དུས་སུ། བྱ་ཀོ་ཡིས་དམག་དཔོན་ཞིག་དང་འདྲ་བར་རང་གི་གོན་པ་དག་གོན་ཚར་རྗེས། སྐད་གསེང་མཐོན་པོས་བྱིས་པ་རྣམས་ལ། ད་ཚང་མས་གོན་པ་གོན་དང་།  ཡུལ་ལ་འགྲོ་ཞེས་བཤད་པ་ན། བྱིས་པ་ཚང་མས་རང་རང་གི་གོན་པ་གོན་པ་དང་ཡུལ་ལ་འགྲོ་བའི་སྟ་གོན་སྔར་ནས་བྱས་ཚར་འདུག
    ཏག་ཏག་སྐབས་དེར།  བྱ་ཀོ་ཡིས་ང་ཚོ་ཚང་མར་སྣ་ལེབ་ལེབ་གོང་གི་མིག་ཆུང་ཆུང་དེ་གཉིས་ཀྱིས་བསྐོར་བལྟ་ཐེངས་ཤིག་བྱས་རྗེས།  ལག་ལ་ཤེལ་དམ་བཟུང་ཡོད་པའི་བྱིས་པ་དག་ལ། ཉ་ཚང་མ་ཕྱིར་ཆུ་ནང་དུ་གཏོང་རོགས།  དེ་མིན་ང་ཚོ་ཚང་མ་སྐྱེ་བ་རྗེས་མར་ཉ་ཡི་སྐྱེ་བ་ལེན་ངེས་རེད་ཅེས་བརྗོད་པ་དང་བྱིས་པ་དེ་དག་གིས་ཀྱང་མྱུར་དུ་ཆུ་ཁར་སོང་ནས་ཉ་ཚང་མ་གཅིག་ཀྱང་མ་ལུས་པར་ཕྱིར་ཆུའི་ནང་དུ་བཏང་སོང་།
    དེ་ནས་ང་ཚོ་བྱ་ཀོའི་རྗེས་འབྲང་བཞིན་ཡུལ་ལ་ལོག་པའི་ལམ་ལ་ཞུགས་པ་དང་གད་སྙིགས་སྤུངས་ཡོད་པའི་གནས་དེར་སླེབས་དུས། བྱ་ཀོས་བྱིས་པ་རྣམས་ལ། ཨ་རོགས་ཚོ། ད་ང་ཚོས་ངལ་ཞིག་གསོས་ན་ཇི་འདྲ་རེད། ཅེས་བཤད་མ་ཐག   བྱིས་པ་རྣམས་ཀྱིས་འཐད་པའི་བརྡ་ལ་མགོ་བོ་ནང་དུ་གུག་གུག་བྱེད་བཞིན་རང་རང་གི་ས་ནས་ཐང་ལ་ལྗིད་ཏིག་གེར་ཙོག་བྱུང་།
    སྐབས་དེར།  ང་རང་གད་སྙིགས་ཀྱི་ཁྲོད་ན་ཁེར་རྐྱང་དུ་ལུས་ཡོད་པའི་རྡོ་རུས་སྦལ་དེའི་འགྲམ་ལ་སོང་ནས་ཐང་ལ་ཙོག་སྟེ།  རྡོ་ཕ་བོང་དེའི་མགོ་ནས་མཇུག་བར་ཞིབ་བལྟ་ཐེངས་ཤིག་བྱས་པ་ཡིན།
    རྡོ་རུས་སྦལ་དེ་ནི་ང་ཚོ་སྡེ་བའི་ཆུ་རྐའི་འགྲམ་ན་ཡོད་པ་དང་། ཆེ་ཆུང་ལ་ཕག་རྒན་ཞིག་གི་ཆེ་ཆུང་ཙམ་ལས་མི་འདུག   རྒྱང་རིང་ནས་བལྟས་ན་རྡོ་རུས་སྦལ་དེ་ནི་རུས་སྦལ་ཞིག་གི་ཚུགས་ཀ་མི་འདུག་ནའང་།  ཉེ་ས་ནས་བལྟས་ན་རྡོ་རུས་སྦལ་དེ་ནི་དངོས་གནས་རྒྱ་མཚོའི་ནང་གི་རུས་སྦལ་ཞིག་དང་ཀུན་ནས་མཚུངས་ཤིང་། ཡིད་སྐྱོ་བ་ཞིག་ལ་རྡོ་རུས་སྦལ་དེའི་ཁ་ནང་གི་ལྕེ་ལེབ་མོ་དེ་ཕྱེད་ཀ་ཙམ་ལས་ལུས་མི་འདུག
    ཨ་རོགས་ཚོ། ད་ང་ཚོ་ཡུལ་ལ་འགྲོ  
    ངས་རྡོ་རུས་སྦལ་དེའི་ཁ་ནང་གི་ལྕེ་ཕྱེད་ཀ་དེ་ལ་ཅེར་ནས་བསྡད་ཡོད་པའི་སྐབས་དེར། བྱ་ཀོ་ཡིས་དམག་དཔོན་ཞིག་དང་འདྲ་བར་འདི་ལྟར་སྐད་བརྒྱབ་བྱུང་པ་དང་།  ཉི་མ་རྒས་ཤིང་འཁོགས་པའི་བགྲེས་པོ་ཞིག་དང་འདྲ་བར་ནུབ་ཕྱོགས་ཀྱི་མཁའ་མཐའ་ན་ག་ལེ་ག་ལེར་བགྲོད་བཞིན་འདུག
    ང་ཚོ་བྱིས་པ་ཚང་མ་བྱ་ཀོའི་རྗེས་འབྲང་བཞིན་སྡེ་བའི་ཕྱོགས་སུ་བསྐྱོད་པ་དང་གཡུལ་ཁར་འབྱོར་མ་ཐག་ང་ཚོ་ཚང་མ་རང་རང་གི་ཡུལ་ལ་ལོག་སོང་།
    ངེད་ཚང་བཟའ་མི་གང་བོས་ཐབ་ཁུང་གི་མཐའ་བསྐོར་ནས་ནུབ་འཚལ་ཡིད་ཚིམས་པ་ཞིག་འཐུང་རྗེས།  ང་རང་ཚ་ཐབ་ཀྱི་སྟེང་ན་མ་ཎི་འདོན་བཞིན་པའི་ཨ་མྱེས་ལོ་ལོན་གྱི་གམ་ལ་སོང་ནས་ཁོ་ལ་གནའ་གཏམ་བཤད་དགོས་ཅེས་ཡང་ཡང་བསྐུལ་པ་ན། ཁོས་ཁ་ཏོན་འདོན་མཚམས་རེ་ཞིག་བཞག་རྗེས།    ཁྱོད་འདི་ད།  ངོ་མ་ངའི་ལན་ཆགས་རེད་ཟེར་བཞིན་དོ་དགོང་ཨ་མྱེས་ཡིས་ཁྱོད་ལ་མི་རོ་རྩེ་སྒྲུང་ནང་གི་གཏམ་རྒྱུད་ཅིག་བཤད། གཏམ་རྒྱུད་དེའི་མིང་ལ་རྡོ་སེང་གེ་ཁ་གདངས་པ་ཟེར་ཅེས་བརྗོད་བྱུང་།
    གོང་གི་སྐད་ཆ་དེ་ཐོས་མ་ཐག    ངའི་ཡིད་ལ་གློ་བུར་དུ་ཆུ་རྐའི་འགྲམ་ན་ཡོད་པའི་རྡོ་རུས་སྦལ་དེ་གསལ་ལྷང་ངེར་དྲན་བྱུང་། 
    ངས་མྱུར་དུ་ཨ་མྱེས་ལགས་ཀྱི་ཁ་བཀག་ནས། ཨ་མྱེས།  དོ་དགོང་ང་ལ་གནའ་གཏམ་བཤད་མི་དགོས་ཅེས་བཤད་པ་དང་།  ཨ་མྱེས།  ཨ་མྱེས། དོ་དགོང་ཁྱོད་ཀྱིས་ང་ལ་ང་ཚོ་སྡེ་བའི་ཆུ་རྐའི་འགྲམ་ན་ཡོད་པའི་རྡོ་རུས་སྦལ་དེའི་གཏམ་རྒྱུད་བཤད་དགོས་ཅེས་སྨྲས་པ་ན།  ཁོས་ཡུད་ཙམ་ལ་བསམ་བློ་བཏང་རྗེས་ཡ་ཡ།  ཁྱོད་འདི་ད་ཟེར་བཞིན།  ང་ལ་གཤམ་གྱི་རྡོ་རུས་སྦལ་དེ་དང་འབྲེལ་བའི་གཏམ་རྒྱུད་ཐུང་ཐུང་འདི་བརྗོད་བྱུང་།
    སྔོན་ཆད་སྔོན་ཆད་ཡིན་ན། ང་ཚོ་བསྡད་ཡོད་པའི་ས་ཆ་འདི་ན་ང་ཚོའི་སྡེ་བ་འདི་གཏན་ནས་ཡོད་པ་མ་རེད།  རྗེས་སུ་ས་ཆ་ཡར་མར་ནས་ཡོང་བའི་འཁྱམ་པོ་གང་མང་ཞིག་ས་ཆ་འདིར་ཡོང་ནས་གཞིས་བཅས་ཤིང་། ཞིང་བཏབ་ནས་རིམ་བཞིན་རིམ་བཞིན་ང་ཚོའི་སྡེ་བ་འདི་ཆགས་པ་རེད། ཨོ།  ཞིང་མ་བཏབ་པའི་སྔོན་ལ་ང་ཚོ་སྡེ་བའི་མི་རྣམས་ཀྱིས་ཞིང་ལ་ཆུ་གཏོང་སྤྱད་ཀྱི་ཆུ་རྐ་ཞིག་ངེས་པར་དུ་མཁོ་འདུག་སྙམ་བཞིན། ཟླ་བ་གཉིས་གསུམ་ཙམ་ལ་ཆུ་རྐ་ལས་པ་རེད།  ཡིན་ནའང་།  ལོ་རེ་རེའི་དཔྱིད་ཀའི་དུས་སུ་ཞིང་ནང་དུ་ཆུ་གཏོང་ཐེངས་རེར།  མཚན་མོའི་དུས་སུ་ཆུ་རྐ་ཤོར་ནས་སྡེ་མི་རྣམས་ནམ་གུང་གི་དུས་སུའང་མལ་ལས་ལངས་ནས་ཆུ་རྐ་ལས་སུ་འགྲོ་དགོས་པ་རེད།  རྗེས་སུ། སྡེ་བའི་ནང་གི་ལོ་ལོན་ཁ་ཤས་ཀྱིས་གྲོས་བསྡུར་ཡང་ཡང་བྱས་མཐར། ལག་ལ་ཁ་བཏགས་དང་ཇ་བག་འགའ་འཁྱེར་ནས་བླ་མ་ཞིག་གི་སྐུ་མདུན་ལ་ལུང་བསྟན་ཞུ་རུ་སོང་བ་རེད།  དེ་ནས་བླ་མ་དེས་ཆུ་རྐའི་འགྲམ་ནས་རྡོ་ལས་བཟོས་པའི་རུས་སྦལ་ཞིག་ཆུ་རྐའི་འགྲམ་ལ་ཞོག་དང་། ངས་ཉི་བཟང་སྐར་བཟང་ཞིག་ལ་རབ་གནས་བྱ་ཆོག་ཅེས་གསུངས་པ་རེད།   རྡོ་རུས་སྦལ་དེ་ཆུ་རྐའི་འགྲམ་ལ་བཞག་ནས་ཉིན་འགའ་འགོར་རྗེས་ཀྱི་བཀྲ་ཤིས་པའི་ཉིན་མོ་ཞིག་ལ་བླ་མ་དེས་རྡོ་རུས་སྦལ་དེ་ལ་རབ་གནས་བྱས་པ་དང་སྡེ་མི་རྣམས་དགའ་ནས་ཉིན་ཞག་གསུམ་ཙམ་ལ་སྟོན་མོ་བྱས་པ་རེད། ཨ་ཨ། ཉིན་མོ་དེར་ང་ཡང་བཟི་ནས་འདམ་ལྟར་གྱུར་སོང་། ཨ་ཨ། ཡ་མཚན་དགོས་པ་ཞིག་ནི་ཉིན་མོ་དེ་ནས་བཟུང་དཔྱིད་ཀའི་དུས་སུ་ཞིང་ནང་དུ་ཆུ་ཇི་ལྟར་བཏང་ནའང་། ཉིན་དཀར་ཆུ་རྐ་ཤོར་མ་མྱོང་བ་དང་། མཚན་མོའི་དུས་སུ་ཆུ་རྐ་ཤོར་ཚེ་རྡོ་རུས་སྦལ་དེ་ཡིས་ཀི་བཏབ་ནས་སྡེ་མི་རྣམས་ལ་བརྡ་གཏོང་བ་རེད། 
    གཏམ་རྒྱུད་དེ་བཤད་ནས་མཚམས་འདིར་སླེབས་དུས།  ངས་ཨ་མྱེས་ལགས་ལ། འོ་ན།  རྡོ་རུས་སྦལ་དེའི་ཁ་ནང་གི་ལྕེ་ཕྱེད་ཀ་ཙམ་ལས་མི་འདུག  དེ་སུ་ཡིས་བཅག་པ་རེད་ཅེས་དྲིས་པ་ན།  ཁོས་མགྲིན་པ་བསལ་ཙམ་བྱས་རྗེས།  རེད་རེད།  དེ་ལྟར་ལོ་ངོ་བཅུ་ཙམ་གྱི་རིང་ལ་དུས་ནམ་ཞིག་ཆུ་རྐ་ཤོར་ཚེ། རྡོ་རུས་སྦལ་དེ་ཡིས་དུས་ལྟར་ཀི་འདེབས་པ་རེད། ཡིན་ནའང་། རང་རེའི་བོད་ཀྱི་ཁ་དཔེར་ནམ་མཁའ་ན་སྤྲིན་བྱིའུ་མགོ་ཙམ་ཡང་མེད་དུས། ཐོག་རྟ་མགོ་ཙམ་ཞིག་འཕངས་སོང་ཟེར་བ་ལྟར། ཆར་བ་ཟ་མེ་ཟིམ་མེ་ཞིག་འབབ་བཞིན་པའི་ཉིན་ཞིག    སྡེ་མི་རྣམས་ཀྱིས་ཆུ་རྐ་ལས་ཚར་ནས་ཆུ་རྐའི་འགྲམ་ན་ངལ་གསོ་བཞིན་པའི་སྐབས་སུ། གསར་བུ་མགོ་སྟོང་ཤིག་གིས་ཁོས་ཡིན་གཅིག་མིན་གཉིས་རྡོ་རུས་སྦལ་འདི་ལ་ཚོར་བ་ཡོད་མེད་ཚོད་ལྟ་ཐེངས་ཤིག་བྱེད་དགོས་སྙམ་ནས་ལྕགས་ཁེམ་གཡུག་ཐེངས་གཅིག་གིས་རྡོ་རུས་སྦལ་དེའི་ཁ་ནང་གི་ལྕེ་དེ་བཅགས་པ་རེད།  ལྟོས་དང་། སྐྱག་གཟན་དེས་རྡོ་རུས་སྦལ་དེའི་ཁ་ནང་གི་ལྕེ་དེ་བཅགས་པ་ནས་བཟུང་སྟེ། ང་ཚོ་སྡེ་བའི་ཆུ་རྐ་དུས་ནམ་ཞིག་ལ་ཤོར་རུང་། རྡོ་རུས་སྦལ་དེ་གྲགས་མེད་འགུལ་མེད་དུ་གནས་ཡོད་པ་འདི་རེད་ཟེར།
གོང་གི་གཏམ་རྒྱུད་ཐུང་ཐུང་འདི་བཤད་ཚར་རྗེས། ཨ་མྱེས་ལགས་ཀྱི་གདོང་ན་སྐྱོ་ཉམས་ཤིག་མངོན་འདུག་ཅིང་།  ངག་ལས་ཤུགས་རིང་འགའ་བསྟུད་མར་ཤོར་སོང་། ངས་མུ་མཐུད་དུ་ཨ་མྱེས་ལགས་ལ་གཏིང་འདྲི་ཕུག་འདྲི་བྱས་ན། ཨ་མྱེས་ལགས་ཀྱིས་ང་ལ་སྡིགས་མོ་བྱེད་པར་དོགས་པར་ནས་ངས་མྱུར་དུ་མགོ་བོ་མལ་ཐུལ་གྱི་ནང་དུ་བཏང་ནས་གཉིད་མགོ་བརྩམས་པ་ཡིན།

    དྲང་མོར་བཤད་ན།     མཚན་མོ་དེར།  ང་རང་ཡང་གཉིད་སྐྱིད་པོ་ཞིག་གཏན་ནས་ཁུགས་མ་བྱུང་།

     2016《ཁ་བཏགས་དཀར་པོ།》དེབ་གསུམ་པ་ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1