གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཟུང་དབྱངས་སྐྱིད།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༧ཚེས་༠༡ཉིན།

༄༅།། ཁ་བ་བབས་པའི་རྗེས་སུ།

        སྤྱི་ཟླ་གཉིས་པར་སླེབས་འདུག ས་དྲོ་སར་མཚོན་ན་དཔྱིད་མགོ་ཚུགས་ཟིན་ཟེར། འོན་ཀྱང་མཐོ་སྒང་དུ་ད་དུང་གྲང་རླུང་འུར་འུར་ལྡང་བའི་དགུན་དུས་ཤིག་རེད། ཉིན་འདི་གར་ནམ་མཁའ་ཡང་ཡང་འཁྲུགས་ཏེ་རླུང་བུ་ཤུར་ཤུར་ལྡང་བཞིན་འདུག གནམ་གཤིས་འདིས་ཁ་བ་ཞིག་འབབ་པའི་ཟོལ་སྟོན་པ་དང་འདྲ། ངས་རླུང་བུའི་གསེང་ན་ས་གཞིའི་བརླན་བཤེར་གྱི་དྲི་མ་སྣའི་བུ་ག་གཉིས་སུ་ཡང་ཡང་འཁྱུལ་ཅིང་ལྡང་བར་རྟོག་བཟོ་བྱས། གདོང་བ་ཙག་རླུང་ལ་གཏད་དེ་ཆར་བ་ཞིག་ལ་རེ་ཞིང་བསྒུག རྒྱང་རིང་རྒྱང་རིང་ཞིག་ཡིན་མི་སྲིད་པའི་ཟླ་དྲུག་པར་རེ་སྒུག་བྱས། འདི་ལྟར་སྣང་བ་ར་རོ་རླུང་ལ་སྤུར་བཞིན་པའི་སྐབས་སུ་ཁ་བ་བབས་བྱུང་། 
        ཉིན་འདི་གར་མཐའ་ཡངས་པའི་ནམ་མཁའ་དང་རི་མཐོན་པོའི་སྒང་། ད་དུང་རྒྱང་རིང་གི་གནམ་མཐའ་རུ་དཀར་བང་བང་གི་ཁ་བ་བབས་བྱུང་། དཀར་ཞིང་འཇམ་པའི་ཁ་བའི་འདབ་མ་རེ་རེ་ཟླ་འོད་ཀྱི་མེ་ཏོག་བཞིན། མཛེས་ཤིང་སྡུག་ལ་ལྷིང་འཇགས་ཀྱིས་གངས་རིའི་སྟེང་དུ་རིམ་བཞིན་ཆགས་ཤིང། ཡངས་ཤིང་ཁོད་སྙོམས་པའི་ས་གཞིའི་པང་དུ་ཁད་ཀྱིས་འཐིམས། ད་དུང་ངའི་གདོང་བ་ནས་དལ་གྱིས་བཞུར་ཏེ་བྲང་གཞུང་དུ་སིམ་པས། འགྲོས་མགྱོགས་པའི་སྙིང་གི་འཕར་ལྡིང་དེ་ཡང་འཁྱག་རེངས་སུ་འགྱུར་མི་སྲིད་དམ་སྙམ་པའི་སེམས་ཁུར་ལྷག་མ་རེ་ཡང་ཡང་བྱུང་། ཁ་བ་འདིས་འཁྱག་སིབ་སིབ་ཀྱི་དགུན་དུས་ཤིག་ཕར་ལ་སྐྱེལ་བ་རེད་དམ་ཡང་ན་གསོན་ཤུགས་ལྡན་པའི་དཔྱིད་ཀ་ཞིག་ཚུར་ལ་བསུ་བ་རེད། ང་འགུལ་ཙམ་ཡང་མ་བྱས་པར་ཡུན་རིང་ཞིག་ལ་ཁ་བའི་ཁྲོད་དུ་འགྲེང་ནས་བསྡད། གལ་ཏེ་ང་རང་ཁ་བའི་འདབ་མ་ཞིག་ཡིན་ན་ཕ་ཡུལ་གྱི་མཁའ་དབྱིངས་ནས་རང་དབང་གིས་གང་འདོད་དུ་འཕུར་ངེས། ངས་གཡང་དཀར་གྱི་འབའ་སྒྲ་དང་རྟ་མཆོག་གི་འཚེར་སྒྲ་ལས་ཕ་ཡུལ་གྱི་གཏམ་རྒྱུད་ལ་མཛེས་སྡུག་གི་ཕོ་བྲང་ཅིག་བསྐྲུན་ངེས། ངས་ལྗང་མདོག་གི་རྩྭ་ཐང་མཐིལ་ནས་ཨ་མའི་བཞོ་དབྱངས་དང་འབྲི་མོའི་ངུར་སྒྲ་ལས། འབྲོག་མོ་དཀྱུས་མ་ཞིག་གི་དགའ་སྐྱོ་ཆགས་སྡང་གི་སེམས་འགྱུ་ཁ་ཁུ་སིམ་མེར་ལྐོག་ཉན་བྱེད་ངེས། བསམ་བཞིན་བསམ་བཞིན་ངས་འཆར་ཡན་གྱི་གཤོག་ཟུང་བརྐྱངས་ཏེ་ཕྱིར་དྲན་གྱི་ལམ་ལ་ཆས། 
        ཐེངས་འདིའི་ཁ་བ་རྒྱུན་མ་ཆད་པར་ཉིན་ཞག་གསུམ་ལ་བབས་བྱུང་། ཕ་ཡུལ་གྱི་ཡོད་ཚད་ལ་ཁ་བའི་རྒྱན་གོས་བཀླུབས་ཤིང་དངུལ་འོད་ཆེམ་ཆེམ་བྱེད་ཅིང་། རི་བོ་དང་སྡོང་བོ། ཁང་བ་སོགས་དཀར་ལམ་ལམ་དུ་གྱུར། ཡོད་ཚད་ཀྱི་ཡོད་ཚད་ཅི་འདྲའི་དྭངས་གཙང་ཞིག་ཨང་།
        ཁ་བ་མཐུག་དྲགས་པས་རྩྭ་དང་རྩི་ཤིང་སོགས་ཁ་བའི་ནང་དུ་ནུབ་འདུག སྒོ་ཕྱུགས་དག་གིས་མགོ་བོ་དུད་ཅིང་སྐྱོ་ཉམས་ཀྱིས། ཁ་བ་བུ་ཡུག་གི་ཁྲོད་དུ་སོ་སྒྲ་ཧྲིག་ཧྲིག་འཆའ་ཞིང་གྲང་འདར་ཡང་ཡང་རྒྱག་བཞིན་འདུག བྱ་བྱིའུ་ཡི་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཁང་བའི་ཉེ་སར་བབ་ནས་རྒུམ་བུ་འཐུ་བར་ཕར་ཚུར་འཕུར་ལྡིང་བྱེད་བཞིན་ཡོད། ཁྱིམ་ཚང་སོ་སོའི་ཁང་ཀླད་དུ་སྔོ་ལྷོག་ལྷོག་གི་དུ་བ་གྱེན་དུ་འཕྱུར་ནས་དགུང་སྔོན་དབྱིངས་སུ་དྲང་བོར་ཕྱོགས་པས། ནམ་མཁའི་ལྷ་དང་ལྷ་མོའི་ཚོགས་ཐུར་འབབ་པའི་སྐས་རིང་ཤིག་བཙུགས་པ་མིན་ནམ་སྙམ་པའི་དོགས་པ་ཡང་ཡང་བྱུང་། 
        ཁ་བ་བབས་པའི་རྗེས་སུ། ཕ་ཡུལ་འདི་འཇམ་ཐིང་ངེར་ལྷུན་ཆགས་སུ་གནས། ཐ་ན་ཁྱིའི་ཟུག་སྐད་ཀྱང་རྒྱང་རིང་ནས་ལན་རེར་ཐར་ཐོར་ཙམ་ལས་ཐོས་མ་བྱུང་། ངས་ཡིད་སེམས་ལྷོད་ལ་བབ་ནས་ཁ་བའི་ཁྲོད་ཀྱི་ཕ་ཡུལ་ལ་འགྲུལ་བཞུད་ཐེངས་ཤིག་བྱས། མཚམས་མཚམས་སུ་སྡོང་བོའི་ཡལ་གའི་སྟེང་གི་ཁ་བ་དག  རླུང་བུ་དང་མཉམ་དུ་གང་སར་འཕུར་ནས་ས་གཞིར་གླན་དུས། འདས་ཟིན་པའི་ལོ་ཟླའི་ལྡེབས་རིས་སུ་ཕབ་པའི་ན་ཟུག་རེ་རེ་སེམས་པའི་གཏིང་ནས་མེ་ལྕེ་ལྟར་འཕྱོས། བརྗོད་མི་ཐུབ་པའི་སྐྱོ་སྣང་ཞིག་གིས་ངའི་མགྲིན་རྩ་བརྣངས། མི་སོ་སོ་འཇིག་རྟེན་འདིར་ཐོན་པ་ནས་བཟུང་རང་རང་ལ་སྐྱོ་གདུང་དང་སྤྲོ་སྣང་། བདེ་སྐྱིད་དང་སྡུག་བསྔལ་མཉམ་དུ་འདྲེས་པའི་འཚོ་བ་རེ་རོལ་དགོས། ནམ་ཞིག་ལ་མི་སོ་སོ་ཁ་བ་ལྟར་གངས་རིའི་པང་ནས་བཞུད་སྲིད། དེ་བས་འཚོ་བའི་མཛེས་སྡུག་གི་ངད་ཁ་སྣ་ཚོགས་རང་སེམས་ནས་ཅིས་ཀྱང་མྱོང་དགོས་ཨང་། ཁ་བའི་ཁྲོད་དུ་ངའི་སྐྱོ་གདུང་འཁྱག་རོམ་ཞིག་དང་བརྡུངས་ནས་ཉི་མར་ཞི་རུ་བཅུག ངའི་ན་ཟུག་རྩྭ་ཐང་དུ་ལྷུང་སྟེ་ས་འོག་ཏུ་སིམ་པར་བྱས། 

         ཁ་བ་བབས་པའི་རྗེས་སུ། ངས་ང་རང་མཛེས་སྡུག་གི་དཔྱིད་ཀ་ཞིག་དང་ཉེ་བ་གཞི་ནས་རྟོགས། ངས་དཔྱིད་ཀའི་རྗེས་ཀྱི་དབྱར་དུས་ཤིག་ལ་རེ་སྒུག་བྱེད་ཡོད། བརྗེད་མི་ཐུབ་པའི་གཏམ་རྒྱུད་ཅིག་འབྲི་བའི་དབྱར་དུས་ཤིག་ལ་རེ་སྒུག་བྱེད་ཡོད།  །

                                      2016《ཁ་བཏགས་དཀར་པོ།》དེབ་གསུམ་པ་ལས་བཤུས། 

39.7K

རྩོམ་ཡིག་སྔོན་མ།
༄༅།། རྡོ་རུས་སྦལ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1