༄༅།། ཆང་འཐུང་བ་དང་ཐ་མག་འཐེན་ན་བདེ་ཐང་ལ་གནོད་པ་ཤིན་ཏུ་ཆེ།

རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-05


        ཐ་མག་འཐེན་པ་ནི་ལུས་ཕུང་ལ་ཤིན་ཏུ་གནོད་པའི་གོམས་གཤིས་མི་ལེགས་པ་ཞིག་རེད།  ཐ་མག་གི་དུ་བའི་ནང་དུ་གནོད་ལྡན་དངོས་རྫས་སྟོང་ཕྲག་ལྷག་ཡོད་ཅིང་།  དེ་ལས་ཉི་ཀུའུ་ཏེན་དང་།  དུ་དྲེག་གི་སྣུམ།  དབྱང་གཅིག་ཐན་འགྱུར་བཅས་ཀྱི་གནོད་པ་ཆེས་ཆེ་བ་ཡིན།  གསོ་རིག་གི་ཞིབ་འཇུག་རྣམ་གྲངས་ཤིག་ལས།  ཐ་མག་འཐེན་ན་སྙིང་དང་གློ་བ།  ཕོ་བ་དང་རྒྱུ་མ།  དབང་རྩ།  མཆིན་པ།  མཁལ་མ།  ཁྲག་རྩ་སོགས་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་སྲིད་ཟེར།  དུས་ཡུན་རིང་བོར་ཐ་མག་འཐེན་ན་གློ་ཡུའི་ཡན་ལག་གི་གཉན་ཚད་དང་།  དབུགས་འཚང་བ།  གློ་བའི་དབུགས་སྐྲང་།  ཁྲག་ཤེད་མཐོ་བ།  སྙིང་ནད།  ཕོ་བ་སྨུག་པོའི་ནད་སོགས་སློང་སྲིད་པར་མ་ཟད།  ད་དུང་གློ་བའི་འབྲས་དང་ཁ་འབྲས།  མིད་པའི་འབྲས་སོགས་འབྲས་སྐྲན་ངན་པར་འགྱུར་སྲིད།  ན་གཞོན་ལོ་ཆུང་གིས་ཐ་མག་འཐེན་ན་ཐད་ཀར་རང་ཉིད་ཀྱི་འཚར་སྐྱེ་ལ་ཤུགས་རྐྱེན་ཐེབས་ནས།  ཀླད་པར་གནོད་པ་དང་རིག་ལམ་རྟུལ་བོར་འགྱུར་བ།  དྲན་ཤེས་ཇེ་ཞན་དུ་འགྲོ་བ་སོགས་བྱེད།  སྐྱེས་མ་རྣམས་ཀྱིས་ཐ་མག་འཐེན་ན་མངལ་མི་སྦྲུམ་པ་དང་།  མངལ་སྦྲུམ་པའི་གནས་སྐབས་སུ་རྒྱུན་ལྡན་མིན་པར་འགྱུར་བ།  ཟླ་མཚན་མི་སྙོམས་པ།  རྒས་སླ་བ་སོགས་རྟགས་སྣ་ཚོགས་འབྱུང་སྲིད།  དུས་མཚུངས་སུ་སྦྲུམ་བུ་ལའང་གནོད་སྲིད་དེ།  བྱིས་པ་སྐྱེས་རྗེས་ལུས་པོའི་ལྗིད་ཚད་ཡང་བ་དང་།  ལུས་སྟོབས་མི་བཟང་བ།  ནད་འབྱུང་སླ་བ།  རིག་སྟོབས་མི་བཟང་བ་སོགས་འབྱུང་།  དེ་ལས་གཞན། ཐ་མག་འཐེན་ན་ཉེ་འཁོར་གྱི་ཐ་མག་མི་འཐེན་པའི་མི་ལའང་གནོད་པ་ཐེབས་སྲིད།  དེ་བས་རང་ཁྱིམ་དུ་ཐ་མག་འཐེན་ན་བྱིས་པ་དང་བཟའ་ཟླ་སོགས་རང་གི་ཁྱིམ་མི་གནོད་པ་བཟོ་བ་དང་།  མི་མང་འཚོགས་སར་ཐ་མག་འཐེན་ན་ཉེ་འཁོར་གྱི་མི་གཞན་པའི་བདེ་ཐང་ལ་གནོད་པར་མ་ཟད།  ཁོར་ཡུག་ལའང་བརྫད་སྐྱོན་བཟོ་ངེས།  མདོར་ན།  ཐ་མག་འཐེན་ན་རང་གཞན་གཉིས་ཀའི་བདེ་ཐང་ལ་གནོད་པས་ཐ་མག་འཐེན་མཁན་རྣམས་ཀྱིས་ད་ནས་བཟུང་ཐ་མག་གཅོད་པའི་འབོད་སྐུལ་བཏང་བ་ཡིན།

        ཆང་འཐུང་བ་དང་ཐ་མག་འཐེན་པ་གཉིས་མི་འདྲ་སྟེ།  ཆང་ཉུང་ཉུང་ཙམ་འཐུང་ན་ཁྲག་རྒྱུན་འཁོར་སྐྱོད་བྱེད་པར་ཕན་པ་དང་།  ཕོ་བའི་མེ་དྲོད་གསོ་བ།  སྙིང་ཁམས་གསོ་བ།  ངལ་དུབ་སེལ་བ་སོགས་ཀྱི་དགེ་མཚན་ལྡན་ལ།  གལ་ཏེ་རྒྱུན་པར་ཆང་མང་པོ་འཐུང་ན།  ལུས་ཕུང་བདེ་ཐང་ལ་དེ་ལས་ལྡོག་སྟེ་གནོད་པ་བསྐྱལ་སྲིད།  དུས་ཡུན་རིང་བོར་ཆང་མང་པོ་འཐུང་ན།  མཆིན་པར་ཤིན་ཏུ་གནོད་དེ།  ཆང་བཅུད་ཀྱིས་དུག་ཕོག་པའི་རང་བཞིན་གྱི་མཆིན་ཚད་དང་།  མཆིན་པ་ཚིལ་འགྱུར།  མཆིན་པ་སྲ་འགྱུར།  ཐ་ན་མཆིན་འབྲས་ཀྱང་སློང་སྲིད།  ཆང་མང་པོ་འཐུང་ན་ད་དུང་ཀླད་པ་དང་དབང་རྩའི་མ་ལག་ལ་གནོད་སྐྱོན་ཐེབས་ནས་མགོ་ཡོམ་འཁོར་བ་དང་མགོ་ན་བ།  ལྡ་བེ་ལྡིབ་བེར་འགྱུར་བ། གོམ་པ་འཆོར་བ། གཏམ་སྤྱོད་རྒྱུན་ལྡན་མིན་པར་འགྱུར་བ།  རྐང་ལག་སྦྲིད་པ།  མིག་རབ་རིབ་ཏུ་འགྱུར་བ་དང་ཐ་ན་དྲན་པ་ཉམས་ནས་སད་མི་ཐུབ་པ་སོགས་ཀྱི་རྟགས་སྣ་ཚོགས་འབྱུང་།  ཆང་བཅུད་ཀྱིས་ད་དུང་སྐྱེ་འཕེལ་མ་ལག་ལ་གནོད་པ་བཟོས་ནས་སྐྱེས་པའི་ཁམས་དཀར་རྒྱུན་ལྡན་མིན་པར་བཏང་སྟེ་རྒྱུད་སྤེལ་བར་བར་ཆད་ཐེབས་སྲིད།  དེར་བརྟེན།  ཆང་འཐུང་ནའང་ཚད་དང་རན་པར་འཐུང་དགོས།  ཐོག་མར།  ཆང་ཉུང་ཙམ་འཐུང་བའམ་ཡང་ན་ཆང་བཅུད་མཐོ་བའི་ཆང་དཀར་སོགས་མི་འཐུང་བར།  རྒུན་འབྲུམ་གྱི་ཆང་དང་སིལ་ཆང་།  ཆང་སེར་དང་ཝུ་ཆང་སོགས་འཐུང་ན་བཟང་།  དེའི་འཕྲོར།  གལ་ཏེ་ཆང་འཐུང་ན་འཐུང་ཚད་ཟིན་དགོས།  ཉིན་གཅིག་ལ་ཆང་འཐུང་ཚད་སྲང་གང་ལས་མི་བརྒལ་བ་དང་།  རྒུན་འབྲུམ་གྱི་ཆང་དང་སིལ་ཆང་།  ཆང་སེར་སོགས་འཐུང་ན་སྲང་གཉིས་ལས་མི་བརྒལ་བ།  ཝུ་ཆང་འཐུང་ན་དམ་བུ་གཅིག་ལས་མི་འཐུང་བ་བཅས་བྱེད་དགོས།  གསུམ།  ཆང་མ་འཐུང་སྔོན་དུ་ཐོག་མར་ཟ་མ་ཟ་དགོས་ལ།  ལྟོ་སྟོང་དུ་ཆང་འཐུང་ན་བཟི་སླ།  བཞི་བ།  མཆིན་ནད་དང་ཁྲག་ཤེད་མཐོ་བ།  ཕོ་བ་སྨུག་པོ།  གཅིན་སྙིའི་ནད་བཅས་ཡོད་པའི་ནད་པས་ཆང་འཐུང་མི་རུང་།། 

             《 བདེ་ཆེན་བོད་ཡིག་ཚགས་པར།》ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1