བཙན་ལྷ་རྫོང་གིས་འབྲི་གཡག་གསོ་སྤེལ་ར་བ་བཙུགས་ནས་དམངས་ཀྱི་ཡོང་འབབ་ཇེ་མཐོར་བཏང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-13


    ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་བཙན་ལྷ་རྫོང་གིས་བདེ་འཇགས་གསོ་སྤེལ་ལག་རྩལ་ལ་ཞིབ་དཔྱད་དང་ཁྱབ་གདལ་དུ་བཏང་ཏེ་ཞིན་ཆའོ་གྲོང་སྡེའི་གསོ་སྤེལ་ཁྱིམ་ཚང་ཤུས་ཧྭ་ཕུའུ་ཚང་ལ་ཁེ་ཕན་ཆེན་པོ་བསྐྲུན།  རྫོང་དེའི་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་གཏིང་ཇེ་ཟབ་དུ་བཏང་བ་དང་བསྟུན་ཤུས་ཧྭ་ཕུའུ་ལ་གསོ་སྤེལ་ར་བའི་རྒྱ་ཁྱོན་ཇེ་ཆེར་གཏོང་པའི་དམིགས་འབེན་གསར་པ་བྱུང་།
    ཉེ་སྔོན་གསར་འགོད་པ་བཙན་ལྷ་རྫོང་ཞིན་ཁྱའོ་ཤང་ཧྲུས་ཕིན་སྡེ་བར་ཡོད་པའི་ཧྭ་ཞིན་འབྲི་གཡག་གསོ་སྤེལ་ར་བའི་རྟེན་གཞི་རུ་སོང་པ་དང་ཁོས་ལས་བཟོ་བ་དག་གིས་སོ་ཕག་སྐྱེལ་པ་དང་འདམ་བག་རྫི་བ། ཡུལ་དངོས་སུ་རྐོ་འདྲུ་འཕྲུལ་འཁོར་གྱིས་མགྱོགས་མྱུར་ངང་ས་རྐོ་བ་སོགས་ལས་དུས་འཕར་སྣོན་གྱི་སྒོ་ནས་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ་མཐོང་།   མ་གཞི་དེ་ནི་རྟེན་གཞིའི་འགན་འཁུར་པ་ཞུས་ཧྭ་ཕུའུ་ཡིས་གསོ་སྤེལ་ར་བ་རྒྱ་སྐྱེད་བྱེད་པར་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་རེད། 
    ཧྭ་ཞིན་འབྲི་གཡག་གསོ་སྤེལ་མཉམ་ལས་ཁང་གི་འགན་འཁུར་པ་ཞུས་ཧྭ་ཕུའུ་ཡིས་གསར་འགོད་པར། འབྲི་གཡག་གསོ་སྤེལ་གྱི་ཚད་ལྡན་རང་བཞིན་གྱི་ཐོན་ལས་དེའི་ཤན་ཤུགས་དང་ཁྱབ་བསྒྲགས་ཀྱི་ནུས་པ་ཇེ་ཆེར་སོང་བ་དང་བསྟུན་ང་ཚོའི་ར་བར་ཚད་ཁག་ཡོད་པ་དང་རྒྱ་སྐྱེད་མ་ཐུབ་པས་རྒྱ་ཁྱོན་ཇེ་ཆེར་གཏོང་བའི་ཕྱོགས་ནས་དཀའ་ཁག་ཆེན་པོར་འཕྲད། ད་ལྟ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གཉིས་ཀྱི་སྣེ་ཁྲིད་འོག་ང་ཚོས་ཧྲུས་ཕིན་སྡེ་བ་ནས་ཡང་བསྐྱར་འབྲི་གཡག་གི་གསོ་སྤེལ་ར་བ་ཚད་ལྡན་ཞིག་བསྐྱར་འཛུགས་བྱས་པ་ཡིན་ལ། རྒྱ་ཁྱོན་ལ་སྨི་གྲུ་བཞི6000ཡོད་དེ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ཞེས་བཤད། 
     ཤུས་ཧྭ་ཕུའུ་གསོ་སྤེལ་ར་བ་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཆེད་མཁས་པ་དག་གིས་འབྲི་གཡག་བདེ་འཇགས་གསོ་སྤེལ་ཞིབ་དཔྱད་བྱེད་པའི་ཚོད་ལྟའི་ར་བ་ཡིན། ་ཤུས་ཧྭ་ཕུའུ་ནི་ཐེངས་དང་པོའི་འབྲི་གཡག་གསོ་སྤེལ་ལག་རྩལ་གྱིས་ཕན་བདེ་ཐོབ་པའི་གསོ་སྤེལ་ཁྱིམ་ཚང་ཡིན་པ་རེད། 
     གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རྗེས་མ་ནས་བཟུང་ཡུལ་ཤོག་དེས་མང་ཚོགས་ལ་རྒྱབ་སྐྱོར་དང་སྐུལ་འདེབས་མང་པོ་བྱས་ནས་མང་ཚོགས་ཀྱི་ངལ་རྩོལ་དང་ས་ཞིང་འཁོར་སྐྱོད་ཀྱི་མ་རྐང་འཇོག་པའི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་རྣམས་ཀྱི་ཡོང་སྒོ་ཇེ་མཐོར་གཏང་རྒྱུ་དང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱས་ནས་དབུལ་ཐར་བྱུང་དུ་འཇུག་པར་མ་ཟད། ཉེ་འཁོར་གྱི་ཡུལ་ཤོག་དང་གྲོང་རྡལ། ཐ་ན་རྫོང་ཡོངས་ཀྱི་གསོ་སྤེལ་ཁྱིམ་ཚང་ལའང་ཤན་ཤུགས་ཐེབས་སུ་བཅུག་སྟེ་རྫོང་ཡོངས་ཀྱི་ཕྱུགས་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འཇོག་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1