གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཨ་པཎ། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༧ཚེས་༡༥ཉིན།

༄༅།། ཕ་ཡུལ།

        བདག་ལས་གནས་ཀྱི་གར་སྟེགས་སྟེང་བུད་ནས་བགྲང་བྱ་བཅུ་ཕྲག་ཁ་ཤས་ལོ་ཟླའི་ཆུ་རྒྱུན་གྱི་ཀློང་དང་བསྡོངས་ནས་སྐད་ཅིག་ཉིད་ལ་འདས་ཤིང་།  ལོ་འཁོར་བཅུ་ཡི་བཞུར་རྒྱུན་ཁྲོད་ནས་བྱ་བའི་བྲེལ་ཟིང་ཟེར་ནའང་འདྲ།  དུས་རབས་ཀྱི་གནོན་ཤུགས་ཟེར་ནའང་ཆོག  གང་ལྟར་མི་ཁོམ་པའི་གནས་ཤིག་ནས་བྱ་བའི་གྲུབ་འབྲས་འདི་ཞེས་ཀུན་ལ་ངོམ་དུ་རུང་བ་ཞིག་སྟོན་རྒྱུ་མི་རྙེད་ནའང་།  འཚོ་བའི་གནོན་ཤུགས་དང་ལས་ཀའི་བྲེལ་འཚུབ་བར་ནས་ཕ་ཡུལ་ལ་ཡང་བསྐོར་བསྐྱར་བསྐོར་བྱེད་པའི་གོ་སྐབས་ཤིག་མ་རག་པར་ད་བར་དུ་ལུས་སོང་ལ།  ལྷག་པར་དུ་གསེར་གྱི་ཉི་མ་ལྟ་བུའི་ཕ་གཞིས་དྲོན་མོ་དེ་འགྱུར་ལྡོག་ག་འདྲ་བྱུང་ཚུལ་སོགས་རྒྱུས་ལོན་ཟབ་མོ་ཞིག་བྱ་རྒྱུའི་གོ་སྐབས་ཙམ་ཡང་མ་རྙེད་པར་ད་ལྟའི་བར་དུ་ལུས།  
        མི་ལོ་ཉི་ཤུའི་ལང་ཚོའི་འདབ་ལག་རྣམ་པར་རྒྱས་ནས་སུམ་ཅུའི་འཕྲང་སྒོར་རྩིབ་བར་ཐོན་དུས་ཚོད་ཚོད་ལ་སེམས་དང་བསམ་པའི་ལྡེབས་རིས་ངོས་སུ་ཕ་ཡུལ་གྱི་གཡའ་དག་པའི་ནམ་མཁའ་དང་།  མུ་མཐའ་བྲལ་བའི་སྤངས་ལྫོངས།  གྱ་གྱུར་འཐེན་པའི་རི་ལམ་ཕྲ་མོ།  སྔོན་མོ་རླབས་བཞིན་གཡོ་བའི་ནགས་ཀྱི་དགའ་ཚལ་རྣམས་དྲན་འཛིན་གྱི་ཡོལ་བའི་ངོས་སུ་ལྷམ་མེར་ཤར་འོང་ཞིང་། གཞུང་རྒྱུད་དྲང་ཞིང་ཁ་བརྡ་ལ་དགའ་བའི་ཡུལ་མི་ཚོའི་ངོ་འཛུམ་རེ་རེར་འདབ་བརྒྱ་གྲོལ་བའི་མེ་ཏོག་བཞིན་བདག་ཡིད་ཀྱི་ཡོལ་བའི་ངོས་སུ་ལྷུག་པར་བཞད་ཚེ།  ད་གཟོད་ཕ་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་པ་ནི་ཇི་འདྲའི་གནད་དུ་འཁེལ་བའི་གནས་ལུགས་ཤིག་རེད་ཨང་སྙམ།  ནམ་རྒྱུན་ཕ་ཡུལ་ཅེས་པའི་མིང་ཚིག་རྒྱུས་མངའ་ཅན་དེ་གླེང་ཐེངས་རེར་སེམས་ལ་རང་དབང་མེད་པར་ཨ་མའི་བྱམས་བརྩེ་ལྟ་བུའི་དུངས་པ་ཞིག་གིས་བཏུམས་འགྲོ་ལ།  དེའི་ཞོར་ལ་ཕ་ཡུལ་དུ་བསྐོར་རེ་རྒྱག་རྒྱུའི་འདུན་པ་དྲག་པོ་ཞིག་ཆུ་གཏེར་གྱི་རླབས་ཕྲེང་གཡོ་བ་བཞིན་སྙིང་དང་གློ་རྒྱུའི་མཚམས་སུ་འཕྱུར་ནས་འོང་། 
        ལོས་ཀྱང་ཡིན་སྟེ།  དུས་ཡུན་རིང་བོར་ཕ་ས་བྲང་ཁོག་འདྲ་བོ་ཞེ་ནས་བོར་མ་མྱོང་བའི་བདག་ལྟ་བུར་མཚོན་ན་གྲོག་ཚང་བརྡོལ་འདྲའི་གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོ་དང་།   སྡོམ་རྒྱ་ལྟར་འཐེན་པའི་གཞུང་ལམ་གྱི་དྲ་བའི་སྟེང་རླུང་འཁོར་གྱི་ལྡིར་སྒྲ་དང་། རྡོ་སྣུམ་གྱི་སྦགས་དྲིས་ཁྱབ་ཅིང་བྱེ་རྡུལ་རླུང་གིས་དེད་འདྲའི་མི་ཚོགས་རྣམས་བཞིན་མདོག་ཤོར་བཞིན་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁ་ཕྱོགས་གང་ཞིག་བསྙེགས་ནས་བཞུད་འགྲོ་བའི་ངང་ཚུལ་དེ་མཐོང་མ་ཐག་རང་སེམས་འཚབ་འཚུབ་ཏུ་གྱུར་ནས་སླ་ང་ཚ་མོའི་ནང་དུ་རྐང་པ་སྤོས་པ་བཞིན་གནས་གཅིག་ཏུ་སྡོད་མི་ཚུགས་པ་ལྟ་བུའི་འཚུབ་ཆ་ཞིག་སློང་ངེས་ཤིང་།  རྩེ་མོ་དགུང་ལ་ཟུག་པའི་ཁང་བརྩེགས་མཐོན་པོ་དག་གིས་གནམ་སའི་རྒྱ་ཁྱོན་ཇེ་དོག་ཏུ་གཏོང་བ་ལྟར་དབུགས་ཀྱང་གཏོང་ལེན་དཀའ་བའི་སྣང་བ་ཞིག་སྟེར་ལ།  སོང་ས་བསྡད་ཤུལ་ནས་ཅི་ཞིག་བོར་སོང་བའམ་ཤོར་སོང་བ་ལྟ་བུའི་སེམས་ཁྲལ་གྱི་ཚོར་བ་ཞིག་གིས་ལུས་ཡོངས་རྫོགས་སྦྲིད་པར་བྱེད།  དེ་དང་བསྟུན་ནས་མི་གཤིས་ཀྱི་དྲི་མ་ཡལ་བའི་བཅོས་འཛུམ་རེ་རེར་གྲོང་ཁྱེར་གྱི་མཁའ་དབུགས་བཙོག་པ་དང་འགྲོགས་ནས་མིག་ལམ་དུ་མངོན་མ་ཐག་ཡིད་སེམས་ཨ་ཐང་ཆད་པའི་དབུགས་རིང་ནར་ནར་ཞིག་མི་འཐེན་ག་མེད་བྱུང་།
        དེ་བས་ཕ་ཡུལ་ལ་གྲོང་ཁྱེར་ལྟབུའི་རྔམ་བརྗིད་དང་སྟོབས་འབྱོར་མེད་ནའང་།  ཕ་ཡུལ་གྱི་གཡའ་དག་པའི་ནམ་མཁའ་དང་དྲོད་འཇམ་གྱི་ཉི་འོད།  ཁ་འདྲིས་ཞེ་འདྲེས་སུ་སོང་བའི་རྒྱུས་ཡོད་པའི་ངོ་གདོང་རེ་རེར་མཐོང་ལམ་དུ་མངོན་མ་ཐག  དུས་ནམ་ཡང་ལུས་སེམས་གཉིས་ཀར་ཁུར་བོ་ལྗིད་མོ་ཞིག་བླངས་སོང་བ་ལྟ་བུའི་བདེ་སྣང་ཞིག་སྟེར་ལ།  དེ་དང་བསྟུན་ནས་སེམས་ཀྱི་ཚོར་འདུ་མང་བོ་ཞིག་ཉི་མ་སྤྲིན་གསེབ་ནས་བུད་པ་བཞིན་སླར་ཡང་ཡིད་ཀྱི་དྲན་འཛིན་ངོས་སུ་རྒྱུ་བར་བྱེད།
        ནམ་རྒྱུན་ཕ་ཡུལ་སེམས་ལ་དྲན་ཐེངས་རེར་རྒས་འཁོགས་ཀྱི་མནར་བའི་ཨ་མའི་ཞལ་རས་ཡིད་ལ་ལྷང་ངེར་འཁོར་འོང་ཞིང་།  ངའི་རུས་མགོ་སྐམ་པོ་ས་ལ་མ་ཐོར་གོང་རང་ས་རང་ཡུལ་ལ་བསྐོར་རེར་རྒྱག་རྒྱུ་མ་བརྗེད་ཅེས་པའི་ཚིག་འབྲུ་དེས་མ་རྒན་དང་ངེད་གཉིས་བར་བརྩེ་ཞེན་གྱི་འབྲེལ་ཐག་རིང་མོ་ཞིག་གིས་དམ་དུ་སྦྲེལ་ཡོད་པ་ཚོར་ཞིང་།  རྒྱང་རིང་བའི་ཕ་ཡུལ་དེ་རུ་ནམ་ཡང་བག་ཕེབས་ངང་སེམས་ངལ་གསོ་ཆོག་པའི་དྲོད་འཇམ་གྱི་ཉི་མ་ཞིག་ཤར་ཡོད་པ་རྟོགས་པས།  ཨ་མའི་ནུ་ཞོས་སྐྱོང་བའི་བྱིས་དུས་ཀྱི་དྲན་སྣང་ཐ་དག་དབྱར་ཟླ་དྲུག་པའི་མེ་ཏོག་བཞིན་སེམས་ཀྱི་མེ་ལོང་ངོས་སུ་ཁྲ་ཆིལ་ལེར་མངོན་ཡོང་བ་དང་།  ཕ་ཡུལ་གྱི་རི་ཆུ་ལུང་གསུམ་ཀྱང་ངའི་ཁྲག་རྩའི་འཁོར་བསྐྱོད་ཀྱི་རྒྱུན་དང་འགྲོགས་ནས་ལུས་ཀྱི་ཕྱི་ནང་ཚང་མར་ཁྱབ་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་།  ལམ་ཐག་སྤྱི་ལེ་སུམ་བརྒྱ་ཙམ་ལས་མེད་པའི་ཕ་ཡུལ་ལ་སྐོར་རེར་རྒྱག་རྒྱུ་ནི་སྤོབས་པས་མི་འཁྱོགས་པའི་དཀའ་སྡུག་གི་ཁུར་བོ་ཞིག་ག་ལ་ཡིན་མོད།  འོན་ཀྱང་ལྗིད་ཏིག་ཏིག་གི་བྱ་བའི་གནོན་ཤུགས་དང་ཁྱིམ་ཚང་གི་ལས་ཁུར་གྱི་དབང་གིས་བྲེལ་ཟིང་གི་འཚོ་བ་འདིར་སེམས་ངལ་གསོ་ཆོག་ཆོག་གི་ཁོམ་སྐབས་ཤིག་ནམ་ཡང་མི་སྟེར་བས་ཕ་ཡུལ་དུ་ལོག་འདོད་པ་ནི་རྨི་ལམ་གྱི་འཕྲུལ་སྣང་ཁོ་ནར་གྱུར།  ལོ་འདི་འགར་ཕ་ཡུལ་ལ་གནམ་ས་གོ་ལོག་སྡེབ་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་འདུག་ཟེར། གྲོག་མའི་སུག་རྗེས་དང་འདྲ་བའི་རི་ལམ་ཀྱག་ཀྱོག་དེ་ད་ལྟ་ཁོད་སྙོམས་ཤིང་རྒྱ་ཆེ་བའི་གཞུང་ལམ་ཞིག་ཏུ་བཏང་འདུག་ལ།  མཐའ་བཞི་ས་འདམ་གྱིས་བྱུགས་པའི་ཤིང་ཁང་དེ་དག་བསྐྱར་དུ་བཅོས་ནས་སོ་ཕག་གི་ཁང་བཟང་ཡིད་དུ་འོང་བ་ཞིག་བཟོས་འདུག  བདེ་མོ་གཉིད་ལ་ཤོར་བ་ལྟ་བུའི་རི་གྲོང་འདི་ཉིད་ད་ལྟ་སྦག་སྦག་འཁོར་ལོ་དང་འདྲུད་འཐེན་འཁོར་ལོ།  རླངས་འཁོར་སོགས་ཀྱི་ལྡིར་སྒྲས་ཁེངས་ཤིང་།  ཡུལ་མི་ཚོའི་དགོད་སྒྲ་དང་སློབ་རའི་སྐྱོར་དབྱངས་སོགས་ཀྱིས་ཕ་ཡུལ་གྱི་རི་གྲོང་འདི་རུ་ལང་ཚོའི་སྟོབས་ཤུགས་ཀྱི་མེ་ཕུང་དྲག་ཏུ་འབར་བ་མཐོང་སྲིད།  ཡིན་ནའང་ཕ་ཡུལ་དུ་ནམ་ཡང་ཉི་གཞོན་ལྟར་ཚེས་པའི་བདག་གི་ཨ་མ་དྲིན་མོ་ཆེ་དེ་དཀར་ངོགས་ཀྱི་འཇིག་རྟེན་འདི་དང་གཏན་དུ་གྱེས་སོང་།  མོས་ཚེ་སྨད་འདིར་ཕ་ཡུལ་གྱི་ཉག་ག་དེ་ནས་བུ་ཕྲུག་ཚོས་ཁོ་མོར་བསྐོར་རེར་ཨེ་རྒྱག་ལ་རྒྱང་སོ་བྱེད་བཞིན་དགོང་ཁའི་ཉི་ཟེར་ལྟ་བུའི་ཚེ་མཇུག་གི་ཉི་མ་རེ་རེར་ཕར་ལ་བསྐྱལ་བ་རེད།  ཨ་མས་ནམ་ཡང་བྱམས་བརྩེའི་ལྷག་བསམ་དྲོན་མོའི་ཀློང་ནས་འཚོ་བའི་རྙོག་འཛིང་གི་ལས་ཁུར་ཐམས་ཅད་དང་དུ་བླངས་ཤིང་།  མི་ཚེའི་ཀྱག་ཀྱོག་གི་བགྲོད་ལམ་སྟེང་དཀའ་སྡུག་དང་རྔུལ་ཆུས་བྲིས་པའི་བཤུལ་ལམ་རིང་མོ་ཞིག་བསྐྱུར་ནས་བཞུད་སོང་། ངས་ནམ་རྒྱུན་གནས་ལུགས་སྣ་ཚོགས་ལ་ཁ་གཡར་བས་ཨ་མ་དྲིན་མོ་ཆེ་དང་ཆེས་མཇུག་མཐའི་ཞལ་མཇལ་ཡང་མ་བྱུང་བར་དཀར་ངོགས་ཀྱི་འཇིག་རྟེན་འདི་ནས་གཏན་དུ་གྱེས་སོང་།  འདི་ལྟར་བསམ་བཞིན་འགྱོད་པ་རྟས་མི་ཟིན་པ་ཞིག་དང་ཁེངས་ར་སེམས་ཀྱི་ཐེག་དཀའ་བ་ཞིག་རྡོག་ཁྲེས་ལྕི་མོ་ཞིག་དང་མཚུངས་པར་བདག་སེམས་ཀྱི་ཕྱི་ནང་ཐམས་ཅད་མནན་ནས་འགྲོ་ལ།  དྲན་གདུང་དང་དད་གུས་གྱི་མཆི་མའི་ཐིགས་ཕྲེང་རེ་རེར་མུ་ཏིག་གི་དོ་ཤལ་ཆད་པ་བཞིན་འགྲམ་པའི་ཁུར་ཚོས་བརྒྱུད་ནས་ས་རུ་ཟགས།  ངོ་མར་བཤད་ན་ངས་ཕ་ཡུལ་དྲན་པ་ནི་ཨ་མ་དྲིན་མོ་ཆེའི་བྱམས་བརྩེ་དྲན་པ་ལས་མ་འདས།  ནམ་རྒྱུན་འཚོ་བའི་སྟེང་ཚད་མེད་པའི་དཀའ་སྡུག་དང་ཐེག་དཀའ་བའི་ན་ཟུག་མྱོང་དུས།  དེ་མུར་ཡིད་ཀྱི་ཡོལ་བའི་ངོས་སུ་ཨ་མའི་སྤྲོ་འཛུམ་དེ་ལྷམ་མེར་ཤར་འོང་ཞིང་།  སེམས་སྟེང་གི་ན་ཟུག་དང་མི་ཚེའི་དཀའ་སྡུག་ཚང་མ་སྐད་ཅིག་ཉིད་ལ་ཡལ་འགྲོ་བ་ལྟབུའི་སྣང་བ་ཞིག་འགོག་མེད་དུ་སྦྱིན་འོང་།
        བདག་ད་ལོ་གྲོང་ཁྱེར་དུ་ཡོང་བའི་ཕ་ཡུལ་གྱི་རྒན་པོ་ཞིག་དང་འཕྲད་པས་མགྱོགས་མྱུར་ངང་ཕ་ཡུལ་གྱི་གནས་ཚུལ་དྲིས་པ་ན།  རྒན་པོ་དེས་མགོ་བོ་འཕྲེད་དུ་གཡུག་བཞིན་ཐམས་ཅད་ཕྱུག་འགྱུར་གྱི་ལམ་དུ་སོང་བས་ལྟོགས་རྒྱབ་མི་ཁེབ་པའི་གནད་དོན་ཅི་ཡང་མེད་མོད།  འོན་ཀྱང་རང་རྒྱུད་ན་ཡོད་པའི་གཞུང་དྲང་ཟོལ་མེད་གྱི་རང་བཞིན་དེ་ཤོག་བུ་སྣུམ་གྱིས་ཟིན་པ་བཞིན་ངོ་བོ་གཞན་ཞིག་ཏུ་འགྱུར་གྱིན་འདུག་ཟེར།  སྐད་ཆ་དེར་ཐད་གར་དུ་བདག་ལ་བཤད་པ་བཞིན་ངའི་སེམས་ཀྱི་ཕྱི་ནང་ཐམས་ཅད་དུ་ཆུ་འཁྱག་ཟོ་གང་བྱོ་བ་ལྟར་འཁྱག་སིབ་སེ་བཏང་བས།  དེ་མ་ཐག་རང་ཉིད་ཀྱི་ལུས་པོའི་ཕྱི་ནང་ཐམས་ཅད་ངོ་བོ་གཞན་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་།  ཐ་ན་ཕ་ཡུལ་གྱི་ནམ་མཁའི་ཁ་དོག་ཀྱང་འགྱུར་གྱིན་པའི་སྣང་བ་ཞིག་འགོག་མེད་དུ་སྦྱིན་འོང་།  །
       2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་བཞི་བ་ལས་བཤུས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1