སྐད་གཉིས་སློབ་ཁྲིད་ཀྱི་ཕན་ནུས་སམ་དགེ་མཚན་གྱི་སྐོར་རགས་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དེ་ཡང་བཅོས་བསྒྱུར་སྒོ་འབྱེད་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ། ཚན་རིག་དར་རྒྱས། ཁྲིམས་ལུགས་འཛུགས་སྐྲུན། སློབ་གསོ་དར་ཁྱབ་སོགས་ལ་མཐོང་ཆེན་དང་དམ་འཛིན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འབྱོར་རིག་གསུམ་སོགས་ཡར་རྒྱས་གོང་འཕེལ་ཆེན་པོ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་འོད་སྟོང་འཕྲོ་བའི་བཀའ་དྲིན་གྱི་འོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཚོ་བར་འབད་བརྩོན་བྱེད་པ་ལ་ཐོག་མར་མི་རིགས་སློབ་གསོ་དམ་འཛིན་བྱ་དགོས་ཏེ། སློབ་གསོ་ནི་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་བློ་མཐུན་ཏིན་ཞའོ་ཕེན་གྱིས་གསུངས་པ་ལྟར་མཛད་ཕྱོགས་ཡང་དག་པ་ལག་ལེན་མཐར་ཕྱིན་བསྟར་བ་རྩ་བར་བཟུང་ནས“མཚོན་བྱེད་གསུམ”གྱི་དགོངས་དོན་དང་ཚན་རིག་གི་འཕེལ་རྒྱས་ལྟ་བས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཤེས་ཡོན་ཅན་ཚད་ལྡན་ཡོང་བའི་འགན་ལེན་དང་། གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ལམ་ལུགས་བསྒྱུར་བཅོས་བྱས་ཏེ། རིམ་པ་སོ་སོའི་སློབ་གསོའི་ཆུ་ཚད་མཐོན་པོར་བཏང་སྟེ་མེས་རྒྱལ་གྱི་དཔལ་ཡོན་གསུམ་འཛུགས་སྐྲུན་བྱ་བའི་སྤྱི་ཚོགས་འཕེལ་འགྱུར་དང་བསྟུན་པའི་མ་འོངས་པའི་བོད་ཀྱི་སྲིད་འབྱོར་རིག་གསུམ་སོགས་འཛུགས་སྐྲུན་བྱེད་པ་ལ་ངེས་པར་མཁོ་བ་ནི་སྐད་གཉིས་སློབ་ཁྲིད་ཀྱི་སློབ་གསོ་ཡིན་ལ།ང་ཚོས་དེའི་དགེ་མཚན་རྟོགས་པར་བྱས་ནས་འཕེལ་རྒྱས་སུ་གཏོང་བའི་སྐོར་རགས་ཙམ་གླེང་བར་བྱའོ།།
གཅིག སྐད་གཉིས་སློབ་ཁྲིད་ལ་ཤུགས་སྣོན་ལས་གཙོ་ཕལ་གྱི་དབྱེ་བ་འབྱེད་མི་རུང་།
སྤྱིར་སྐད་ཡིག་ནི་འབྲེལ་འདྲིས་བྱེད་པའི་ཡོ་བྱད་ཡིན་པ་དང་།མིའི་བརྩེ་དུང་མཚོན་བྱེད་ཀྱི་མེ་ལོང་ལྟ་བུ་ཡིན་པས།མི་རིགས་གང་དང་གང་ཞིག་ལའང་མེད་དུ་མི་རུང་བའི་ཡོ་བྱད་ལྟ་བུ་རེད།མདོར་ན།བསམ་བློའི་འཁྱེར་སོ་དང་། འདུ་ཤེས། དགའ་སྐྱོ་ཆགས་སྡང་བཅས་ཇི་མ་ཇི་བཞིན་མངོན་པར་བྱེད་ན། ཐབས་དམ་པ་ཞིག་ནི་རང་ལ་བྱང་ཆ་ཡོད་པའི་སྐད་དང་ཡིག་རིགས་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན་ལ།བྱང་ཆ་ཡོད་པའི་སྐད་དང་ཡིག་རིགས་དེ་སྤྱིར་བཏང་གིས་བཤད་ན་མི་རིགས་རང་གི་སྐད་དང་ཡིག་རིགས་རེད།དེར་བརྟེན་མི་རིགས་ཀྱི་སྐད་ཡིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་འདིར་མཚོན་ན་མི་རིགས་ནང་ཁུལ་མཐུན་སྒྲིལ་ཡོང་བ་དང་།མི་རིགས་རང་ཉིད་ལ་སློབ་གསོ་གཏོང་བ། མི་རིགས་ཡོངས་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ། མང་ཚོགས་སྐུལ་སློང་བཅས་བྱས་ནས་མེས་རྒྱལ་གྱི་འཛུགས་སྐྲུན་ལས་དོན་སྣ་ཚོགས་ནང་ཧུར་ཐག་གིས་ཞུགས་པའི་ཕན་ནུས་ལྡན་པའི་ཡོ་བྱད་གལ་ཆེ་བ་ཞིག་རེད།དེར་བརྟེན་ཁོ་བོས་བལྟས་ན་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་འདི་ནི་སྐད་གཉིས་སློབ་ཁྲིད་ཀྱི་བྱ་བར་ཤུགས་སྣོན་གང་ལེགས་བྱས་ཏེ་སྐད་གཉིས་ལེགས་པར་སྦྱངས་ནས་ཐུན་མོང་གིས་ཕུན་སུམ་ཚོགས་པར་གཏོང་བ་དང་ཏན་ཏིག་གིས་འཕེལ་རྒྱས་སུ་གཏོང་བའི་དུས་སྐབས་ཤིག་ཡིན་པ་ལས།གཙོ་ཕལ་གྱི་ཁྱད་པར་དགར་བ་དང་།མཆོག་དམན་གྱི་བར་ཁྱད་འབྱེད་པའི་དུས་སྐབས་ཤིག་རིང་ནས་མ་ཡིན་སྙམ།
གཉིས། གྲངས་ཉུང་མི་རིགས་ས་ཁུལ་གྱི་དགེ་རྒན་ཞིག་ཡིན་ན་སྐད་རིགས་གཉིས་ཤེས་དགོས།
རང་རེའི་བོད་ཁུལ་ལ་མཚོན་ནས་བཤད་ན། བོད་ཀྱི་སྐད་དང་ཡི་གེ་ཟོལ་མེད་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་ས་ཁུལ་དུ་སློབ་མ་རྣམས་ཀྱི་རིག་གནས་ཆུ་ཚད་མཐོར་འདེགས་བྱུང་བ་མགྱོགས་ཤིང་།ཚན་རིག་ལག་རྩལ་གྱི་ཤེས་བྱ་བྱང་ཆུབ་པ་ཞིག་སློབ་ཐུབ་ཀྱིན་ཡོད། དེ་ལས་ལྡོག་སྟེ་དགེ་རྒན་གྱིས་བོད་སྐད་མི་ཤེས་ཤིང་སློབ་མ་ནི་འབྲོག་པའི་བུ་ཕྲུག་ཡིན་པས་རྒྱ་སྐད་མི་ཤེས། དགེ་རྒན་གྱིས་བློ་སེམས་རྣམ་དག་སྒོས་རྒྱ་སྐད་ཚིག་གཅིག་མི་ཤེས་པའི་སློབ་མ་ལ་རྒྱ་ཡིག་ཁྲིད་ན་ཡར་རྒྱས་མེད་ལ།དེ་ནི་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་མ་ལེགས་པ་མིན་ལ་བོད་རིགས་བྱིས་པར་སྐྱེ་ཐོབ་ཀྱི་བླུན་རྨོངས་ཡིན་པས་ཀྱང་མ་རེད།སྤྱིར་བཏང་དུ་བཤད་ན། སློབ་མ་དེའི་གོ་བརྡ་འཕྲོད་པའི་སྐད་རིགས་མ་བཀོལ་བའི་རྐྱེན་གྱིས་རེད། དེ་ལྟར་བྱས་པའི་མཇུག་འབྲས་ནི་རྒྱལ་ཁབ་ཀྱི་མི་ཤུགས་དང་དངོས་ཤུགས་འཕྲོ་བརླག་ཏུ་བཏང་བ་ཙམ་མ་གཏོགས་ཐ་དག་ངལ་བ་འབྲས་མེད་དུ་གྱུར་པ་ཡིན་ནོ།།
གསུམ།སྐད་གཉིས་སློབ་ཁྲིད་ལ་བསམ་བློའི་སློབ་གསོའི་ནུས་པ་ཡོད་པ།
སྐད་གཉིས་སློབ་ཁྲིད་བྱས་པ་བརྒྱུད་སློབ་མར་ཐུན་མོང་ལ་འགན་ཁུར་བའི་བསམ་པ་དང་གཟི་བརྗིད་ཀྱི་འདུ་ཤེས་ཡོད་པ།སློབ་གྲོགས་ཕན་ཚུན་གྱི་མཛའ་བཤེས་གོང་འཕེལ་དང་མཐུན་སྒྲིལ་སྲ་བརྟན་ཡོང་བར་སྐུལ་མ་གཏོང་བའི་ཁྲིད་གཞི་ལས་ལྷག་པར་རྒྱལ་གཅེས་རིང་ལུགས་ཀྱི་ཁྲིད་ཚན་ཡོད་ལ། དེས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་དང་སྤྱི་ཚོགས་རིང་ལུགས་ལས་དོན་ལ་དགའ་བ།རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་ཕྱུག་བསྒྱུར་གྱི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱེད་པའི་བསམ་བློ་དེ་བཞིན་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་མཁན་དང་རྗེས་འཛིན་པ་སོགས་སུ་འགྱུར་བར་བསྐུལ་མ་ཡང་དག་བཏང་ཡོད་པས་སོ།།
བཞི།སྐད་གཉིས་སློབ་གསོ་ཟོལ་མེད་སྒོས་བཀོལ་སྤྱོད་བྱེད་པའི་དོན་སྙིང་།
རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ནི་གཅིག་མཚུངས་མ་ཡིན་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་ནས་མཉམ་གཅིག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཞུགས་ཏེ།ཆབ་སྲིད་དང་དཔལ་འབྱོར། རིག་གནས།དེ་མིན་རྒྱུན་ལྡན་གྱི་འཚོ་བ་བཅས་ཕྱོགས་གང་ཐད་ནས་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་འདི་འདྲའི་འོག་ཏུ་རྒྱའི་སྐད་ཡིག་ཀྱང་ལེགས་པར་སྦྱང་དགོས་པ་བསྟན་ཡོད།རྒྱའི་སྐད་དང་ཡི་གེ་ནི་རང་རྒྱལ་མི་གྲངས་ཀྱི་བརྒྱ་ཆའི་དགུ་བཅུ་ཡན་ཆད་ཀྱིས་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་།དེ་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པར་མ་ཟད་རང་རྒྱལ་གྱི་སྤྱི་ཡིག་ཀྱང་ཡིན་པས་ང་ཚོས་དེ་ལ་སློབ་སྦྱོང་ལེགས་པོ་བྱས་ན་རང་མི་རིགས་ལ་སྔར་ལས་ལྷག་པའི་ཕན་ནུས་ཆེན་པོ་ཡོད།གནས་ཚུལ་དེ་ཉིན་རྒྱུན་གྱི་འཚོ་བའི་ནང་མཚོན་བཞིན་ཡོད་པར་མ་ཟད།ཐོན་སྐྱེད་བྱ་འགུལ་དང་ཚན་རིག་རིག་གནས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས་ཀྱང་མཚོན་ཐུབ། དེའི་ཕྱིར་ཕྱིན་ཆད་ཀྱི་ལོ་རྒྱུས་དུས་ཡུན་ཧ་ཅང་རིང་བོ་ཞིག་གི་ནང་དུ་མི་རིགས་ཀྱི་སྐད་ཡིག་སྔར་ལས་ལྷག་པའི་སྒོ་ནས་བཀོལ་སྤྱོད་བྱེད་པར་མ་ཟད།ཡར་རྒྱས་གོང་འཕེལ་དུ་འགྲོ་ངེས་ཡིན་པ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཡིན་པས་སོ།།
མདོར་ན། དེང་རབས་བོད་ཀྱི་སྲིད་འབྱོར་རིག་གསུམ་སོགས་ཡར་རྒྱས་གོང་འཕེལ་གཏོང་བ་ལ་བོད་རང་གི་སྐད་ཡིག་ལ་བརྟེན་དགོས་པ་ཡིན་མོད། འོན་ཀྱང་མི་རིགས་གཞན་པ་དང་ཡང་ན་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་དག་བསླབ་མི་དགོས་ཞེས་པ་གཏན་ནས་མིན་ཏེ། མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་ལ་རང་མི་རིགས་ཀྱི་སྐད་ཡིག་ཁོ་ན་ལ་བརྟེན་པ་ཙམ་གྱིས་མི་ཆོག་པར་སྔོན་ཐོན་མི་རིགས་རྣམས་ཀྱི་སྐད་དང་ཡི་གེ་སོགས་གང་ལ་གང་མཁོ་བརྟེན་དགོས་པ་ནི་འདས་དང་ད་ལྟའི་འཛམ་གླིང་གི་འཕེལ་འགྱུར་ལ་བལྟས་ན་ཤེས་ཐུབ། དེ་བཞིན་དེང་རབས་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ལ་གཙོ་བོ་བོད་རང་གི་སྐད་དང་ཡི་གེ་གཉིས་ལ་བརྟེན་དགོས་ཤིང་། གཞན་ཡང་རྒྱ་ཡིག་དང་ད་དུང་ཆ་རྐྱེན་ཡོད་ན་ཕྱི་རྒྱལ་གྱི་ཡིག་རིགས་ཀྱང་བསླབས་ན་ལེགས། ཕྱི་ཕྱོགས་ལ་སྒོ་ཕྱེས་པ་དང་ཆབས་ཅིག་རྒྱལ་སྤྱིའི་བར་གྱི་འབྲེལ་བ་དང་། ས་གནས་བར་དང་། ཚན་རིག་ལག་རྩལ་གྱི་བརྗེ་རེས་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ང་ཚོས་གཞན་གྱི་སྐད་ཡིག་སློབ་པའི་དགོས་པ་ནི་རང་གི་སྐད་ཡིག་བྱང་ཆུབ་པའི་རྨང་གཞིའི་སྟེང་མི་རིགས་གཞན་ལ་ཡོད་པའི་ཚན་རིག་གི་ཤེས་བྱ་སོགས་རང་ཡིག་ཏུ་བསྒྱུར་ཏེ་མི་མང་ཆེ་བས་ལས་སླ་བོར་གོ་རྒྱུ་དང་། ལེགས་ཆ་སྡུད་ལེན་ལས་གཞན་གྱི་སྐད་ཡིག་ཁོ་ནའི་སྟེང་མདུན་ལམ་འཚོལ་རྒྱུ་དང་རང་རིགས་ཀྱི་སྐད་ཡིག་ཉམས་རྒུད་དུ་གཏོང་རྒྱུ་གཏན་ནས་མ་ཡིན་ཚུལ་གསུངས་པ་ལྟར་དང་།ཁྱད་པར་དུ་བོད་རིགས་གཞོན་ནུ་ཚོས་བརྩོན་པ་ཆེར་བསྐྱེད་ཀྱིས་བོད་ཡིག་སློབ་དགོས་པར་མ་ཟད། མི་རིགས་གཞན་དག་གི་སྐད་ཡིག་མཐར་ཕྱིན་པ་སློབ་དགོས་ངེས་ཡིན།དེའང་མི་རིགས་གཞན་གྱི་སྐད་ཡིག་སློབ་དགོས་པ་ནི་ཤེས་རྒྱ་ཆེ་རུ་གཏོང་བ་དང་བོད་ཀྱི་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ནི་རྩ་བའི་རྩ་དོན་ཡིན་པས་ཐུགས་ལ་ངེས་གལ་ཆེ་ཞིང་།རང་གི་སྐད་ཡིག་མ་ཤོར་བའི་སྟེང་ནས་གཞན་གྱི་སྐད་ཡིག་སྦྱང་རྒྱུའང་ཤིན་ཏུ་གལ་ཆེ་སྟེ། བརྡ་མ་འཕྲོད་ན་གཞན་དང་འབྲེལ་བ་བྱེད་པའི་ཐབས་མེད།སུ་དང་ཡང་འབྲེལ་འདྲིས་མེད་པར་ལུང་ཀྱོག་གཅིག་པུར་གནས་ན་ཤེས་རིག་དང་དཔལ་འབྱོར་གང་ལའང་ཡར་རྒྱས་འོང་དཀའ་བ་ཡིན་ཚུལ་གསུངས་པ་སོགས་ཀྱི་གནད་རྣམས་ངོས་པར་བྱའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1