༄༅།། གློ་གཟར་དང་བཞོ་བཟུང་།

སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-29


    གློ་གཟར་དང་བཞོ་བཟུང་ནི་རྩིབ་ལོགས་དང་མདུན་ངོས་སུ་འཕྱང་བའི་རྒྱན་ཆ་ཞིག་ཡིན་ལ་གདོད་མའི་དུས་སུ་པགས་པ་སྲ་མོ་གྱོན་པ་རྗེས་སུ་མཉེས་ནས་མཉེན་མོར་གྱོན་པ་དང་འཚོ་བའི་བརྒྱུད་རིམ་ལས་རི་དྭགས་ཀྱི་པགས་པས་གྲང་ལྷགས་འགོག་པའི་ནུས་པ་ཆེ་ལ་འཚེམ་བཟོ་སླ་བའི་དགེ་མཚན་དུ་མ་དང་ལྡན་པ་རྟོགས་ནས་རི་དྭགས་ཀྱི་པགས་པ་གྱོན་པའི་སྲོལ་དར་བ་རེད། གནའ་ཤུལ་ཆབ་མདོ་ཁ་རུབ་སོགས་ནས་ཐོན་པའི་གནའ་རྫས་ལས་རུས་ཁབ་དང་རྡོ་ཁབ་སོགས་ལ་བརྟག་ན་མི་ལོ་སྟོང་ཕྲག་དུ་མའི་སྔོན་དུ་འཚེམ་བཟོའི་ལག་རྩལ་དར་ཡོད་པ་གསལ་པོར་ཤེས་ཐུབ། དེ་དག་ནི་ཕྱིང་བ་དང་པགས་པ་དག་ལས་སྣོན་བྱེད་པའི་ཡོ་བྱད་གལ་ཆེན་ཞིག་ཡིན་ལ། དེ་དག་འཇོག་བྱེད་ཀྱི་སྣོད་ཀྱང་ཕྱིང་བ་དང་པགས་པས་བཟོས་པ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་པས་སྣོད་དེ་དག་རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་སྟབས་བདེར་བཏང་ཡོད་ལ་རང་གི་དགོས་མཁོ་ལ་དམིགས་ནས་ཆེད་དུ་རྩིབ་ལོགས་སུ་འདོགས་པའི་སྲོལ་བྱུང་བས་དེའི་མིང་ལ་ཁབ་ཤུབས་སམ་ལྕུང་མོ་ཟེར།

        སྤྱི་ཚོགས་འཕེལ་རིམ་ནང་དུ་དེ་ལ་རིམ་བཞིན་འགྱུར་ལྡོག་བྱུང་སྟེ་མེ་ཏོག་གི་ཕྲ་ཚོམ་དང་གཙགས་དྲུབ་བྱས་ནས་བརྒྱན་ཡོད། དེའི་དབྱིབས་ནི་མགོ་ཆུང་ལ་འདབས་ཆེ་བ་སྙིང་གི་དབྱིབས་སུ་ཡོད། གློ་གཟར་གྱི་དབྱིབས་ནི་ལྕུང་མོ་དང་ཕལ་ཆེར་མཚུངས་པ་མ་ཟད་འདོགས་སྟངས་ལའང་ཁྱད་པར་མེད་ཅིང་གློ་གཟར་གྱི་དབྱིབས་ནི་ཉི་ཟླ་ཁ་སྤྲོད་ཀྱི་ཚུལ་དུ་ཡོད་མོད། དེ་ནི་དམངས་ཁྲོད་དུ་མཐོང་རྒྱུ་ཡོད་པའི་ལྕུང་མོ་ལྡོག་ནས་ནང་རྫོང་ཕྱིར་འཐེན་ན་ཉི་ཟླའི་དབྱིབས་སུ་ཡོད་པའི་རྣམ་པར་འགྱུར་ནས་བྱུང་བ་ཞིག་ཡིན། དེ་ལྟ་བུའི་འགྱུར་བ་བྱུང་དོན་ཡང་རྒྱན་ཆ་བྱུང་བའི་ལོ་རྒྱུས་ཀྱི་ཆོས་ཉིད་དང་མཐུན། གཞན་གློ་གཟར་དང་དབྱིབས་འདྲ་བ་ཞིག་ཡོད་པ་ནི་གོང་འོག་རིམ་གཉིས་སུ་ཕྱེས་ཏེ་གཡས་ལོགས་སུ་འཕྱང་ཡོད། རིམ་པ་ཐོག་མའི་དབྱིབས་གྲུ་བཞིར་ཡོད་ལ་བྱུ་དམར་གྱིས་ཁྲ་བཏབ་པ་ཞིག་སྟེ་འོག་མ་ནི་སྒོར་ཕྱེད་ཀའི་དབྱིབས་ཅན་ལ་འོག་མཐའ་དར་ཚོན་དཔྱངས་བའི་ཁུང་བུ་སོར་ལྔ་ཅན་བརྟོལ་ཡོད། གོང་འོག་བར་མཚམས་སུ་རྒྱུན་ཐག་གིས་ཕན་ཚུན་སྦྲེལ་ཡོད་པ་དེའི་སྟེང་དུ་དངུལ་འཛེར་དང་དངུལ་གྱི་ཕོ་གུས་བརྒྱན་ཡོད།  དེ་ནི་གནའ་དུས་ནས་བརྒྱུད་འོང་བའི་བཟོ་ཆས་འཇོག་བྱེད་ཀྱི་སྣོད་དང་གཉིས་སུ་མ་མཆིས།

        ཕྱིང་སྣོད་དེ་དབྱིབས་གྲུ་བཞི་བར་མཚམས་ཅན་གྱི་ཁུག་མ་ཡིན་ཏེ་དེའི་ནང་དུ་ཁེ་གྲི་དང་ཁབ་སྐུད། འབིག  གྲི། སོར་དཀྲིས་སོགས་འཇོག་ལ་དེར་ཟླ་ཕྱེད་དབྱིབས་ཅན་གྱི་ཁ་རྒྱག་ཅིག་ཡོད་པའི་ནང་ངོས་སུ་ཁབ་ཆེ་ཆུང་སྣ་ཚོགས་འཛེར་ནས་བཞག་ཡོད་པ་གོ་ལྡོག་ནས་བལྟས་ན་གློ་གཟར་འདིའི་དབྱིབས་དང་གཉིས་སུ་མ་མཆིས་ལ་འཁུར་སྟངས་དང་འདོགས་སྟངས་ཀྱི་ཆ་ནས་ལེན་བདེ་བའི་ཕྱིར་རྩིབས་ལོགས་སུ་འདོགས་པའང་འདྲ་མཚུངས་རེད། དེ་བས་འཚེམ་བཟོའི་ཁབ་ཤུབས་རིམ་བཞིན་བོད་ཀྱི་རྒྱན་ཆ་གློ་གཟར་དུ་གྱུར་པ་གདོན་མི་ཟ་སྙམ། དབུས་གཙང་གི་ས་ཆ་ལ་ལར་རྒྱན་ཆ་འདོགས་དུས་གློ་ལྡེབས་དང་གློ་ཁུག་ཁབ་ཤུབས་བཅས་འདོགས་པ་ད་ལྟའང་སྣང་བ་དེ་ལས་ཀྱང་སྤྱི་ཚོགས་འཕེལ་བའི་གོ་རིམ་ནང་དུ་ཁབ་ཤུབས་ནི་རིམ་བཞིན་དངུལ་གྱི་ཚགས་བརྒྱབ་པའི་གློ་གཟར་ལ་གྱུར་པ་ཤིན་ཏུ་གསལ། བཞོ་བཟུང་ནི་བོད་རིགས་བུད་མེད་རྣམས་ཀྱིས་འོ་མ་བཞོ་བའི་དུས་བཞོ་ཟེའུ་ཆེ་ཆུང་གང་ཡིན་རུང་ལག་པས་བཟུང་ནས་བཞོས་ན་སྟབས་མི་བདེ་བས་འཛིན་ཐག་ཕྲ་མོ་ཤིང་གི་ཆ་རིལ་ནི་ཨ་ལོང་དང་སྦྲགས་ནས་སྐེ་རགས་ངོས་སུ་བཏགས་ན་འོ་མ་བཞོ་བར་རམ་འདེགས་བྱེད་ཐུབ་པས་ད་ལྟའང་ཤིང་གི་ཆ་རིལ་འདོགས་བཞིན་པ་ནི་གང་སར་མཐོང་ཐུབ་པ་དང་། དེ་རིམ་བཞིན་འགྱུར་ཏེ་ཤིང་གི་ཆ་རིལ་དབྱིབས་ཅན་དེ་དངུལ་གྱི་འདོགས་ཆར་བསྒྱུར་ཏེ་ད་ལྟའི་བཞོ་གཟུང་འདི་གྲུབ། དེ་བས་བུད་མེད་ཀྱིས་བཞོ་བཟུང་འདོགས་ལ་སྐྱེས་པས་མི་འདོགས་པ་ནི་འོ་མ་བཞོ་བ་ནི་བུད་མེད་ཁོ་ན་ལས་སྐྱེས་པའི་ལས་ཀ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན། དཔལ་འབྱོར་གྱི་ཚད་གཞི་མི་འདྲ་བའི་དབང་གིས་ཆེ་ཆུང་མི་འདྲ་བ་དང་གསེར་དངུལ་སོགས་རྒྱུ་ཆ་མི་འདྲ་བ། སྒྱུ་རྩལ་གྱི་རིན་ཐང་མི་འདྲ་བ་སོགས་སྣ་ཚོགས་ཤིག་བྱུང་ཡོད། །   

   







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1