ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་སྐད་གཉིས་འཆམ་མཐུན་གྲོང་སྡེའི་ཟབ་སྦྱོང་སྤེལ་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 07-29


        རྒྱལ་ཡོངས་ཀྱི་སྐད་གཉིས་འཆམ་མཐུན་གྲོང་སྡེའི་ཟབ་སྦྱོང་ལས་ཀ་ཕྱོགས་ཡོངས་ནས་སྤེལ་བའི་ཆེད་དུ།  སྤྱི་ཟླ་7པའི་ཚེས་16ཉིན་ནས་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་ལས་ཀའི་གཞུང་ལས་ཁང་གིས་མི་རིགས་སློབ་འབྲིང་དུ་དུས་ཡུན་ཟླ་བ་གཅིག་གི་རིང་ལ་སྐད་གཉིས་སློབ་སྦྱོང་གི་འཛིན་གྲྭ་བཙུགས་ཤིང་།  དུས་མཚུངས་སུ། སྤྱི་ཟླ་7པའི་ཚེས་26ཉིན་ལ་སླར་ཡང་བདེ་ཆེན་སྡེ་བའི་མང་ཚོགས་གཅིག་བསྡུས་སྒོས་རྩ་འཛུགས་བྱས་ནས་དཔེ་ཁྲིད་ཟབ་སྦྱོང་གི་བྱ་འགུལ་སྤེལ།  ཐེངས་འདིའི་དཔེ་ཁྲིད་ལ་གྲུབ་འབྲས་ལེགས་པོ་ཐོབ་ཕྱིར།  རྫོང་བོད་སྐད་ཡིག་གཞུང་ལས་ཁང་གི་ལས་སྒྲུབ་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཁྲིད་ཀྱི་ནང་དོན་ཇུས་འགོད་དང་།  སྔོན་གྱི་ལས་ཀར་གྲ་སྒྲིག་གང་ལེགས་བྱས།  དང་པོ་བོད་སྐད་ཡིག་གཞུང་ལས་ཁང་གི་ལས་སྒྲུབ་མི་སྣ་ཉི་མ་ཚེ་རིང་གིས་བོད་སྐད་ཡིག་གི་ཐོག་ནས་དབུལ་སྐྱོར་གནད་སྨིན་སྐོར་གྱི་མིང་ཚིག་ལ་ལོ་ཙཱ་དང་འགྲེལ་བཤད།  དེ་མིན།  དངོས་རྫས་གསར་པར་བོད་སྐད་ཀྱི་མིང་འདོགས་ཚུལ་སོགས་སློབ་ཁྲིད་བྱས་པས།  བོད་རིགས་མང་ཚོགས་དུ་མས་ཕ་སྐད་ཀྱི་བསམ་བློའི་འཁོར་ཕྱོགས་ལྟར་བདེ་བླག་ངང་དབུལ་སྐྱོར་གནད་སྨིན་དང་འབྲེལ་བའི་མིང་ཚིག་དག་གི་ནང་དོན་དང་ལས་གཞི་འདིའི་དོན་སྙིང་གལ་ཆེན་ལ་གོ་བ་གསལ་བོ་ལོན་དུ་བཅུག  སློབ་ཚན་གཉིས་པར་རྒྱའི་སྤྱི་སྐད་ལ་ཐོགས་པ་མེད་པའི་ན་གཞོན་སློབ་མ་འབྲུག་རྒྱལ་གྱིས་མང་ཚོགས་ལ་རྒྱའི་སྤྱི་སྐད་ཀྱི་འབྲེལ་ཡོད་ནང་དོན་སློབ་ཁྲིད་བྱས་པ་དང་།  མཇུག་མཐར་ལོ་དུ་མར་བོད་ཀྱི་གསོ་རིག་ལ་ཞིབ་འཇུག་གནང་པའི་སྐུ་ཞབས་ནོར་བུ་ལགས་ཀྱིས་རྒྱུན་ཤེས་ཀྱི་བདེ་ཐང་དང་ནད་ཅི་ལྟར་འགོག་པའི་འབྲེལ་ཡོད་ཀྱི་ཤེས་བྱ་སློབ་ཁྲིད་གནང་།  ཟབ་སྦྱོང་ཁྲོད་མང་ཚོགས་ཀྱིས་གཏམ་བཤད་དང་བགྲོ་གླེང་གང་བྱས་ཤིང་། མཉམ་འགུལ་རྣམ་པའི་སློབ་ཁྲིད་དེས་སློབ་མ་ཚོའི་སློབ་སྦྱོང་གི་འདུན་པར་སྐུལ་སློང་བྱས་པར་མ་ཟད། ཟབ་སྦྱོང་གི་སློབ་ཚན་བཀོད་སྒྲིག་ལ་རྒྱ་ཆེ་བའི་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ།
        ཟབ་སྦྱོང་མཇུག་རྫོགས་རྗེས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་གཏོགས་པའི་དཔའ་རིས་སྲོལ་རྒྱུན་དམངས་གླུའི་རྒྱུན་འཛིན་འཁྲབ་སྟེན་གྱི་བྱེད་སྒོ་དང་བདེ་ཆེན་སྡེ་བས་རྩ་འཛུགས་བྱས་པའི་དཔའ་རིས་རྩྭ་ཐང་གི་འབྲོག་གླུ་སྒྱུ་རྩལ་རུ་ཁག་གིས་རང་འཁྲབ་རང་སྒྲིག་བྱས་པའི་སྲོལ་རྒྱུན་གླུ་གར་འཁྲབ་སྟོན་བྱས།   ཐེངས་འདིའི་བྱེད་སྒོ་ལས་ས་གནས་དེའི་མང་ཚོགས་ཀྱིས་སྐད་གཉིས་སློབ་སྦྱོང་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་ལ་ཡིད་ཆེས་བརྟན་པོ་ཡོད་པ་མཚོན་ཐུབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1