ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་དབུ་བརྙེས།

གདན་ཞུའི་གསར་འགོད་པ་བཀྲ་ཤིས་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-04


    སྤྱི་ཟླ་7པའི་ཚེས་30ཉིན་ལ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ་དང་འཐུས་མིའི་ཚོགས་ཆེན་སྐབས་དང་པོ་གཙོས་ནས་ཚོགས།ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་དང་། ཀན་སུའུ་མི་རིགས་དགེ་འོས་ཆེད་གཉེར་སློབ་གླིང་གི་སློབ་གཙོ་གཞོན་པ་རྡོ་ཕྲུག་དང་ཀན་སུའུ་མི་རིགས་དགེ་འོས་ཆེད་གཉེར་སློབ་གླིང་གི་སློབ་གཙོ་གཞོན་པ་མུའུ་ཅི་ཞིན། ཀན་སུའུ་མི་རིགས་དགེ་འོས་ཆེད་གཉེར་སློབ་གླིང་གི་དགེ་རྒན་ཆེན་མོ་ལྷ་རྒྱལ་ཚེ་རིང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཝང་ཡུན་ཅིའུ། ཁུལ་བཟོ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་གདུགས་དཀར་སྐྱབས། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པདྨ་དབྱངས་ཅན།《ཟླ་ཟེར།》རྩོམ་སྒྲིག་ཁང་གི་སྒྲིག་གཙོ་ཕྱག་རྡོར་ཚེ་རིང་། དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ་དང་གུ་དྲག མགོན་པོ་དབང་རྒྱལ། ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་སོགས་མི་100ལ་ཉེ་བ་མཛད་སྒོའི་ཚོགས་འདུར་ཞུགས།

    ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པདྨ་དབྱངས་ཅན་གྱིས་ཁུལ་ཨུ་དང་ཁུལ་དམངས་སྲིད་ཅུས། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་འཛུགས་པའི་སྐོར་གྱི་ཆོག་མཆན་བཀའ་ལན་ཀློག་འདོན་བྱས་ཤིང་། ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཞ་ཧྲི་ལོན་གྱིས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བདུན་གྱི་ཚབ་བྱས་ནས་རྟེན་འབྲེལ་ཞུ་ཚིག་ཕུལ། ཀན་སུའུ་ཞིང་ཆེན་ཡིག་མཁན་མཐུན་ཚོགས་དང་རྫོང་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་གྱི་མཐུན་ཚོགས་སོ་སོས་རྟེན་འབྲེལ་ཞུ་ཡིག་དང་གློག་འཕྲིན་བཏང་། བྲིས་པ་སངས་རྒྱས་བཀྲ་ཤིས་ཀྱིས་མཐུན་ཚོགས་གྲབས་འཛུགས་ཀྱི་གནས་ཚུལ་དང་རྗེས་ཕྱོགས་ཀྱི་བྱ་བའི་བཀོད་སྒྲིག་ངོ་སྤྲོད་བྱས། 
    ཚོགས་ཆེན་ནས་ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་སྒྲིག་ཡིག་དང་འདེམ་བསྐོ་བྱེད་ཐབས། ནོར་དོན་སྒྲིག་སྲོལ་བཅས་ལ་གྲོས་འཆམ་བྱུང་བ་མ་ཟད། ལས་འཛིན་གྲོས་ཚོགས་ནས་ཀན་ལྷོ་ཁུལ་སྐབས་དང་པོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་སོགས་འདེམ་བསྐོ་བྱས་ཤིང་། ཚོགས་ཆེན་གྱིས་བསེ་ཚང་བློ་བཟང་དཔལ་ལྡན་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོར་གདན་ཞུ་བྱས་ཤིང་། དགེ་རྒན་ཆེན་མོ་རྡོ་ཕྲུག་དང་སྒོམ་པ་བཀྲ་ཤིས། ལྷ་རྒྱལ་ཚེ་རིང་། གུ་དྲག དཀོན་ལོ་སོགས་མི་9 མཐུན་ཚོགས་ཀྱི་བློ་འདྲི་སར་གདན་ཞུ་བྱས།ཀན་སུའུ་མི་རིགས་དགེ་འོས་ཆེད་གཉེར་སློབ་གླིང་མཛེས་རྩལ་ཚན་ཁག་གི་སྤྱི་ཁྱབ་ཏང་ཀྲི་པུའུ་ཧྲུའུ་ཅིའམ་བོད་ཀྱི་ཡིག་མཁན་སངས་རྒྱས་བཀྲ་ཤིས་ཀན་ལྷོ་ཁུལ་སྐབས་དང་པོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས། 
མཐུན་ཚོགས་ཀྱི་བློ་འདྲི་སའི་སྐུ་ཚབ་དགེ་རྒན་ཆེན་མོ་ལྷ་རྒྱལ་ཚེ་རིང་དང་དགེ་རྒན་ཆེན་མོ་རྡོ་ཕྲུག་དང་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་ཚབ་དགེ་རྒན་ཆེན་མོ་ཟམ་ཚ་ཚེ་རིང་དོན་གྲུབ་བཅས་ཀྱིས་ཚོགས་ཐོག་ནས་གཏམ་བཤད། 

    ཚོགས་ཆེན་མཇུག་རྫོགས་རྗེས། ཀན་ལྷོ་གཡང་ལྡན་ཕྱུག་མོ་ཞེས་པའི་ཁུལ་ཡོངས་ཀྱི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་སྐབས་དང་པོ་གཟབ་རྒྱས་ངང་སྒོ་ཕྱེ་ཞིང་། འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་རྣམ་པ་དང་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཁུལ་རིག་དངོས་ཚོམས་ཆེན་གྱི་འགྲེམ་ཁུལ་དུ་ཀན་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་འགྲེམ་སྟོན་ལ་བལྟས།རང་ཁུལ་གྱི་བོད་ཀྱི་ཡིག་མཁན་79ཡིས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་80ལྷག་འགྲེམ་སྟོན་ལ་ཞུགས།

    མདོ་སྨད་དུ་བླ་བྲང་བཀྲ་ཤིས་འཁྱིལ་དང་ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་སོགས་ཀྱིས་ཉེ་དུས་ཀྱི་བོད་ཀྱི་རིག་གནས་འཕེལ་རྒྱས་སུ་གོ་གནས་གལ་ཆེན་བཟུང་སྟེ། གཟབ་ནན་ཚད་ལྡན་གྱི་བྲིས་ཆར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པས། ཡིག་གཟུགས་སྒྱུ་རྩལ་གྱི་རྩེར་སོན་བྲིས་པ་ཟམ་མ་ཆད་པར་བྱུང་སྟེ་རང་ཁུལ་གྱི་བོད་ཀྱི་ཡིག་གཟུགས་ཐད་ལ་ནུས་པ་ཆེན་པོ་ཐོན། རང་ཁུལ་གྱི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་ནི་ཀན་ལྷོའི་ཡིག་གཟུགས་སུ་ནམ་ཡང་གསལ་ཆ་ལྡན་ལ། ཀན་ལྷོ་ཁུལ་གྱི་བྲིས་པ་རྣམས་ཀྱི་ཡིག་གཟུགས་དཔེ་དེབ་དང་མ་ཕྱི་སོགས་བོད་ཁུལ་མ་ཟད་རྒྱལ་ནང་དུ་བག་ཆགས་ཇེ་ཆེར་སོང་སྟེ། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ལས་དོན་དུ་བྱས་རྗེས་འབུར་ཐོན་བཞག་དང་འཇོག་བཞིན་ཡོད།

    མཐུན་ཚོགས་འདི་བཙུགས་པ་དེས་ཀན་ལྷོ་ཁུལ་གྱི་རྒྱ་ཆེའི་བོད་ཀྱི་ཡིག་གཟུགས་ལ་དགའ་མཁན་དག་ལ་ཕན་ཚུན་སློབ་སྦྱོང་དང་བརྗེ་རེས། ཐུན་མོང་ཐོག་ཡར་རྒྱས་འགྲོ་བའི་གར་སྟེགས་ཤིག་མཁོ་འདོན་བྱས་པ་མ་ཟད། ཡིག་གཟུགས་མཐུན་ཚོགས་ཀྱི་ཤུགས་རྐྱེན་དང་སྐུལ་ཁྲིད་བརྒྱུད་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་རྒྱུད་འཛིན་དར་སྤེལ་དང་གསར་གཏོད་ཀྱིས་རང་ཁུལ་གྱི་ཡིག་རིས་སྒྱུ་རྩལ་ལས་དོན་དུ་བྱས་རྗེས་ཆེན་པོ་འཇོག་ངེས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1