སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དར་མདོ་རུ་གཟབ་རྒྱས་ངང་སྤེལ་འགོ་ཚུགས།

ངེད་གསར་འགོད་པ་སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། ངེད་དྲ་བ། ངེད་གསར་འགོད་པ་སྒྲོལ་མ་ཚེ་བརྟན། སྤེལ་དུས། 08-09




སྤྱི་ཟླ་8པའི་ཚེས་9ཉིན་གྱི་ཞོགས་པའི་དུས་ཚོད་9ཡི་སྟེང་དུ།  སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དཀར་མཛེས་ཁུལ་དར་མདོ་ལུས་རྩལ་ཐང་དུ་སྤེལ་འགོ་ཚུགས།

མཛད་སྒོའི་སྟེང་དུ། ཀྲུང་གོའི་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་། སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་དབྱང་ཞིང་ཕིང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན། ད་དུང་མཚོ་སྔོན་དང་ཡུན་ནན། བོད་ལྗོངས་སོགས་ནས་ཕེབས་པའི་འགོ་ཁྲིད་དང་སྐུ་མགྲོན་རྣམས་པ་འགོ་ཚུགས་མཛད་སྒོར་ཞུགས།

ཀྲུང་གོའི་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས།

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བས་འགོ་ཚུགས་མཛད་སྒོའི་གཙོ་འགན་བཞེས་པ་དང་། སི་ཁྲོན་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དབྱང་ཞིན་ཕིན་གྱིས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དངོས་སུ་སྤེལ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།

    ཐེངས་འདིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་ཁྲབ་སྟོན་སོགས་ལེའུ་ལྔ་ལས་གྲུབ་ཡོད་ན་དང་། གླུ་མ་འཇམ་དབྱངས་སྒྲོལ་མ་དང་སྐྱིད་བྱམས། ཀུན་དགའ། ཚེ་དབང་ལྷ་མོ་སོགས་བོད་རིགས་ཀྱི་མིང་ཏུ་གྲགས་ཅན་གླུ་མ་གླུ་བ་ཚོས་གླུ་དབྱངས་ལེན་ཞིང་གནའ་བོའི་རིག་གནས་དང་གེ་སར་རིག་གནས། མཛའ་གཞས་རིག་གནས། དམངས་ཁྲོད་རིག་གནས་བཅས་ཀྱིས་མགོ་མཇུག་བར་གསུམ་དུ་ཁྱབ་ཡོད།

སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན།

འགོ་ཚུགས་མཛད་སྒོ་སྤེལ་བའི་དུས་ཡུན་སྐར་ཆ་90ཙམ་ཡོད་ལ། འཁྲབ་སྟོན་མི་སྣ་མི་4000ལས་གྲུབ་པ་དང་ཡུལ་དངོས་ལྟ་མོ་བ་མི་གྲངས་ཁྲི་ལྷག་ཟིན་ཡོད།

སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་དབྱང་ཞིང་ཕིང་།

ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་བདེ་ཆེན་ཁུལ་དང་། ཆབ་མདོ་ས་ཁུལ།  དཀར་མཛེས་ཁུལ། ཡུལ་ཤུལ་ཁུལ་བཅས་ས་ཁུལ་བཞི་ཡིས་མཉམ་དུ་རྩ་འཛུགས་བྱས་ཏེ་རེས་མོས་ངང་སྤེལ་བ་ཡིན་ལ།  དེ་ནི་སི་ཁྲོན་དང་ཡུན་ནན།  བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་ས་ཁུལ་གྱི་དཔལ་འབྱོར་རིག་གནས་ཀྱི་བྱ་འགུལ་གལ་ཆེན་ཞིག་ཡིན། 

དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཤིས་ཚིག་འབུལ་བཞིན་པ།

1994ལོའི་སྤྱི་ཟླ་8པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིག་རང་སྐྱོང་ཁུལ་གྱིས་སྒྱུ་རྩལ་དུས་ཆེན་ཐོག་མ་སྤེལ་བ་ནས་བཟུང་ད་ལྟའི་བར་དུ་ཐེངས་དགུ་ལ་སྤེལ་མྱངས་པ་དང་། དེ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་།  མི་རིགས་ཀྱི་སྙིང་སྟོབས་ཇེ་ཆེར་སྐྱེད་པ།  རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ།  ཁམས་པའི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ།  རིག་གནས་དར་རྒྱས་གོང་འཕེལ་དུ་གཏང་བའི་སྤྲོ་ཚོགས་གཟབ་རྒྱས་ཤིག་ཡིན་པ་མ་ཟད།  མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པའི་ས་ཁུལ་རང་བཞིན་གྱི་སྒྱུ་རྩལ་དུས་ཆེན་ཞིག་ཏུ་གྱུར་ཡོད།  །

དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཡེ་ཤེས་ཟླ་བས་མཛད་སྒོའི་གཙོ་འགན་བཞེས་བཞིན་པ།

ཉིན་གསུམ་རིང་གི་ཁམས་པའི་སྒྱུ་རྩལ་དུས་ཆེན་ནང་གྲགས་ཅན་ཁེ་ལས་ཀྱིས་དཀར་མཛེས་ཁུལ་དུ་མ་དངུལ་འཇོག་པའི་མཚམས་སྦྱོར་ངོ་སྤྲོད་དང་ལས་གཞིའི་ཆིངས་འཇོག་མཛད་སྒོ། ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་སྒོ་ཕྱེ་བའི་མཛད་སྒོ། ཁམས་པའི་ན་གཞོན་གླུ་པའི་འགྲན་བསྡུར་ཆེན་པོ་སོགས་འགྲན་བསྡུར་ཆེན་པོ་བཞི་རུ་ཕྱེ་ཡོད་ལ། གློག་བརྙན《གངས་དཀར་རི་བོ།》ཐོག་མར་གཏོང་བའི་མཛད་སྒོ། རིག་གནས་སྒྱུ་རྩལ་གྱི་ཐོན་རྫས་འགྲེམས་སྟོན། རིག་གནས་དམངས་ཕན་བྱེད་སྒོ་དང་མཇུག་སྒྲིལ་དགོང་ཚོགས་སོགས་འཁྲབ་ཚན་སུམ་ཅུ་ལ་ཉེ་བ་ལྟད་མོ་ཡོངས་ཀྱི་མིག་ལམ་དུ་འབུལ་རྒྱུའི་གྲ་སྒྲིག་ཚགས་དམ་བྱས་ཡོད། །


འགོ་འཛུགས་མཛད་སྒོའི་ཡུལ་དངོས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1