ལོ་8རིང་བསྡུ་སྒྲིག་བྱས་པའི་བོད་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་བོད་ཡིག་ཚིག་མཛོད་ཐོག་མ་པར་བསྐྲུན་བྱས་པ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-16


       བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ལོ་8རིང་བསྡུ་སྒྲིག་བྱས་པའི་《དེང་རབས་བོད་ཡིག་ཚིག་མཛོད།》ཉེ་སྔོན་པར་བསྐྲུན་བྱས་ཏེ། བོད་ལྗོངས་དཔེ་སྐྲུན་ཁང་གི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་བོད་ཡིག་ཚིག་མཛོད་ཐོག་མ་ཡིན།

       གསར་འགོད་པས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 《དེང་རབས་བོད་ཡིག་ཚིག་མཛོད།》དུ་བསྡོམས་པས་ཐ་སྙད་ཁྲི་8ལྷག་བསྡུ་ལེན་བསྐོ་གཞག་བྱས་ཤིང་རྒྱུན་བཀོད་ཐ་སྙད་ལས་གཞན་ད་དུང་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་གསར་བྱུང་ཐ་སྙད་དང་། ལེགས་སྦྱར་གྱི་ཐ་སྙད་ཆ་ཤས་དང་བོད་ལྗོངས་ལོ་རྒྱུས་ཡིག་ཚགས་ཁྲོད་ཀྱི་གཞུང་ཡིག་བརྡ་ཆད་སོགས་བསྡུ་ལེན་བསྐོ་གཞག་བྱས་ཡོད། ཚིག་མཛོད་དེ་སློབ་ཆུང་ནས་སློབ་ཆེན་དང་ཐ་ན་ཞིབ་འཇུག་པ་སོགས་མངའ་ཁོངས་མི་འདྲ་བའི་མི་རྣམས་ལ་བེད་སྤྱོད་ལ་མཁོ། དེ་རུ་བསྡོམས་པས་ཡིག་འབྲུ་ཁྲི་240ལྷག་དང་ཤོག་གྲངས་2300ལ་ཉེ་བ་ཡོད།

      ཚིག་མཛོད་ཀྱི་གཙོ་སྒྲིག་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཚེ་རིང་རྡོ་རྗེས་བཤད་རྒྱུར། དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་སྔར་ཡོད་བོད་ཡིག་ཚིག་མཛོད་ཀྱི་གཏན་ཁེལ་གྱི་ཐ་སྙད་མང་པོ་ཞིག་བེད་སྤྱོད་བྱེད་ཚད་མི་མཐོ་ཞིང་། གསར་བྱུང་ཐ་སྙད་མང་པོ་ཞིག་དེའི་ཁྲོད་དུ་བསྡུ་སྒྲིག་བྱས་མེད། ཚིག་མཛོད་འདི་བསྡུ་སྒྲིག་བྱས་པ་ནི་གཙོ་བོ་བོད་ཡིག་དེ་འཕེལ་རྒྱས་སུ་བསྐྱོད་བཞིན་པའི་དུས་རབས་ཀྱི་བླང་བྱ་དང་འོས་འཚམ་གྱི་ཆེད་དུ་ཡིན།

      གསར་བཤད་བྱས་པ་ལྟར་ན། ཚིག་མཛོད་འདིའི་ཚིག་གི་རྣམ་གྲངས་བདམས་པ་དང་འགྲེལ་བ་ནི་གཙོ་བོ་《དེང་རབས་རྒྱ་བོད་ཚིག་མཛོད།》ལ་དཔེ་བླངས་ཏེ། གནད་འཁེལ་རང་བཞིན་དང་ཚད་ལྡན་རང་བཞིན། ཀུན་འཕྲོད་རང་བཞིན། མང་ཚོགས་རང་བཞིན་དང་ཉེར་སྤྱོད་རང་བཞིན་འབུར་དུ་ཐོན་པ་བྱས་ཡོད། ནང་དོན་དུ་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག གསོ་རིག གནམ་རྩིས་རིག་པ། དམངས་སྲོལ་སོགས་རིགས་མི་འདྲ་བའི་ཐ་སྙད་འདུས་པ་མ་ཟད། ད་དུང་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་མིང་ཚིག་འགྲེལ་བ། མི་རིགས་ངོ་སྤྲོད་དང་དེང་རབས་ཚན་རྩལ་ཁྱབ་ཁོངས་ཀྱི་ཐ་སྙད་ཀྱང་ཁོངས་སུ་འདུ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1