རང་རེའི་ཞིང་ཆེན་གྱིས་བོད་དབྱིས་ས་ཁུལ་དབུལ་པོའི་གྲོང་སྡེ་ལ་ཞིང་པའི་མཚན་མོའི་སློབ་གྲྭ་འཛུགས་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-29


       གསར་འགོད་པས་སི་ཁྲོན་ཞིང་ཨུད་རྩ་འཛུགས་པུའུ་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་སྤྱི་ཟླ་11པའི་ཟླ་མཇུག་སྔོན། རང་རེའི་ཞིང་ཆེན་བོད་དབྱིས་རིགས་ས་ཁུལ་གྱི་དབུལ་པོའི་གྲོང་སྡེ་ལ་ཞིང་པའི་མཚན་མོའི་སློབ་གྲྭ་ཡོངས་སུ་ཁྱབ་པར་བྱ་རྒྱུ་རེད། ཟླ་7པ་ནས་བཟུང་ཡུལ་མིའི་དབུལ་སྒྲོལ་ནུས་པ་ཞན་པའི་དཀའ་ངལ་སེལ་བའི་ཞིང་པའི་མཚན་མོའི་སློབ་གྲྭ་དེ་ལའང་ཧྲན་ཁུལ་ནས་སློབ་འགོ་ཚུགས།  ཉིན་ཤས་གོང་སི་ཁྲོན་ཞིང་ཨུད་རྩ་འཛུགས་པུའུ་ཡིས་ཆེད་མངགས་བརྡ་ཐོ་བཏང་ནས་ཞིང་པའི་མཚན་མོའི་སློབ་གྲྭ་འཛུགས་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད།
     སི་ཁྲོན་ཞིང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མི་རིགས་ས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་ཆེད། སི་ཁྲོན་གྱིས་ཚོགས་ར་ཡོད་པ་དང་། མི་སྣ་ཡོད་པ། སྒྲིག་ཆས་ཡོད་པ། དགེ་རྒན་ཡོད་པ། སློབ་དེབ་ཡོད་པ། ལམ་ལུགས་ཡོད་པ། བྱེད་སྒོ་ཡོད་པ་བཅས་ཀྱི་ཡོད་པ་བདུན་གྱི་ཚད་གཞི་ལྟར། རྒྱང་ཁྲིད་སློབ་གསོའི་དབུལ་སྐྱོར་བྱ་སྤྱོད་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་བོད་དབྱིས་ས་ཁུལ་གྱི་གྲོང་ཚོ་དབུལ་པོ་རེར་ཞིང་པའི་མཚན་མོའི་སློབ་གྲྭ་རེ་གཉེར་རྒྱུ་ཡིན་ཞེས་བརྗོད།
     སི་ཁྲོན་ཞིང་ཨུད་རྩ་འཛུགས་པུས་ཉེ་ཆར་པར་འགྲེམས་བྱས་པའི་《ས་མཐོའི་བོད་རིགས་ས་ཁུལ་དང་ལེའང་ཧྲན་ཆེ་ཆུང་གི་དབྱིས་རིགས་ས་ཁུལ་གྱི་གྲོང་ཚོ་དབུལ་པོར་ཞིང་པའི་མཚན་མོའི་སློབ་གྲྭ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ།》ཡི་བླང་བྱ་ལྟར་རྩ་དོན་ཐོག་ཟླ་9པའི་ཟླ་མཇུག་ཏུ་སླེབས་སྐབས་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་30%ཡན་ལ་ཞིང་པའི་མཚན་མོའི་སློབ་གྲྭ་འཛུགས་རྒྱུ་དང་ད་ལོའི་ཟླ་11པའི་ཟླ་མཇུག་གོང་ཡོངས་སུ་ཁྱབ་པར་བྱ་རྒྱུ། མཚན་མོའི་སློབ་གྲྭས་ལོ་ལྟར་ཡུལ་དེ་གའི་དུད་ཚང་དབུལ་པོར་དབུལ་སྒྲོལ་གསོ་སྦྱོང་ཡོངས་སུ་བྱས་ཏེ་ཆ་རྐྱེན་ལྡན་པའི་དུད་ཚང་དབུལ་པོར་དངོས་སྤྱོད་རྩལ་ནུས་1ནས་2བར་ཁོང་དུ་ཆུད་པ་བྱ་རྒྱུ་རེད།
     ཞིང་པའི་མཚན་མོའི་སློབ་གྲྭ་འཛུགས་ཡུལ་གྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་དེ་གཙོ་བོར་བྱས་ནས་གྲོང་ཚོ་རིམ་པའི་སློབ་གྲྭ་དང་། གྲོང་ཚོ་རེར་བུ་བཅོལ་ཁང་རེ་ཡི་སློབ་ཁྲིད་ས་ཚིགས། དམངས་སྲོལ་རིག་གནས་ཁང་། ཞིང་པའི་དཔེ་དེབ་ཁང་། ཡུལ་མིའི་ཁང་པ་སོགས་ས་ཆའི་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་ཞིང་པའི་མཚན་མོའི་སློབ་གྲྭ་རེར་སྨི་ངོས་གྲུ་90ལས་མི་ཉུང་བའི་སློབ་ཁྲིད་བྱེད་སྒོ་སྤེལ་ཡུལ་དང་། གཉེར་སྐྱོང་རྒྱུན་གཏན་གྱི་བརྙན་ལམ་སློབ་ཆས་ལྟ་ལེན་མ་ལག རྒྱུན་གཏན་སློབ་ཁྲིད་བྱེད་སྒོའི་དགོས་མཁོ་དང་འཚམ་པའི་སློབ་ཁྲིད་ཡོ་བྱད། རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བའི་དགོས་མཁོའི་ཐད་ཀྱི་སྒྲིག་ཆས་སྒྲིག་བཀོད་བཅས་འགན་ལེན་བྱེད་ཀྱི་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1