གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༠༨ཚེས་༣༠ཉིན།

ཀན་སུའུ་ཞིང་ཆེན་ཀན་ལྷོའི་ཨམ་སྐད་རྒྱང་སྒྲོག་འཕྲིན་ལམ་གཏོང་འགོ་བརྩམས།

   ཉེར་སྔོན། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཡང་བསྐྱར་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དགའ་འོས་པའི་བྱ་བ་ཆེན་པོ་ཞིག་བསུས་པ་སྟེ། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཨམ་སྐད་རྒྱང་སྒྲོག་དང་བོད་ཀྱི་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་རྒྱལ་བོའི་སྒྲུང་གི་སྒྲ་གཟུགས་གཉིས་ལྡན་གྱི་ལེ་ཚན་མཉམ་དུ་གཏོང་འགོ་བརྩམས་པས། འདིས་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་དོན་འཛུགས་སྐྲུན་དང་ལེ་ཚན་རང་སྒྲུབ་ཐད་ལ་གོམ་པ་གསར་བ་ཞིག་སྤོས་པ་མཚོན་ཡོད།
  ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྔོན་གྱི་རྒྱུན་ལས་ཨུ་ཡོན་ལི་ཁྲང་ཁྲུན2011ལོའི་ཟླ་7པར་ཀན་སུའུ་རུ་བརྟག་ཞིབ་ཏུ་ཕེབས་ནས་ནས་ལས་ཀ་མཛུབ་སྟོན་གནང་བའི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། རྩ་བའི་ཆ་ནས་ཀན་སུའུ་ཡི་བོད་རིཊ་རོང་འབྲོག་མང་ཚོགས་ཀྱིས་རྒྱ་སྐད་ཀྱི་རྒྱང་སྒྲོག་མི་གོ་བའི་གནད་དོན་ཐག་གིས་བཅད་དེ། རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་སྐད་སྒྲ་བོད་ཁུལ་གྱི་ཁྱིམ་ཚང་སོ་སོར་ཁྱབ་པར་བྱ་ཆེད། 2012ལོར། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ལས་གཞི་བཙུགས་ཏེ། ཀན་ལྷོའི་ཨམ་སྐད་རྒྱང་སྒྲོག་འཛུགས་སྐྲུན་ལས་གཞིར་ཆོག་མཆན་བཀོད་པ་དང་བོད་སྐད་རྒྱང་སྒྲོག་གཏོང་རྒྱུའི་འབོད་སྐུལ་བཏང་། 2013ལོའི་ཟླ་9པར། ཀན་སུའུ་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་ཨམ་སྐད་རྒྱང་སྒྲོག་འཕྲིན་ལམ་གྱི་ཆེད་སྤྱོད་སྒྲིག་ཆས་སྒོར་བྱེ་བ་གཉིས་ཙམ་གྱིས་ཉོས་པ་དང་། ཀུན་ཁྱབ་རླུང་འཕྲིན་གྲངས་འཛིན་ཅན་གྱི་སྒྲ་ལེན་དང་སྒྲིག་སྦྱོར། ལེ་ཚན་གསོག་ཉར། རང་འགུལ་སྒྲོག་གཏོང་། ཞིབ་བཤེར་དབྱེ་ཞིབ་སོགས་དེང་རབས་ཅན་གྱི་དྲ་རྒྱའི་མ་ལག་དང་གཞི་གཅིག་ཏུ་འདྲེས་པའི་རྒྱང་སྒྲོག་ཐད་གཏོང་མ་ལག་བཙུགས་པར་མ་ཟད། རྫོང་ཁག་བདུན་དང་གྲོང་ཁྱེར་གཅིག་པོར་བརྒྱུད་གཏོང་ས་ཚིགས་བཙུགས། 2015ལོའི་ཟླ་5བར་སྒྲིག་ཆས་ཚང་མ་སྒྲིག་སྦྱོར་བྱས་ནས་ཚོད་ལྟ་བྱས་པར་ཞིང་ཆེན་རིམ་པའི་ཞིབ་བཤེར་ལས་ཆོག་མཆན་ཐོབ།
     གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། གསར་དུ་བསྒྲུབས་པའི་ཨམ་སྐད་རྒྱང་སྒྲོག་གིས་ཉིན་ཧྲིལ་བོར་ཆུ་ཚོད་བདུན་དང་སྐར་མ་བཞི་བཅུར་སྒྲ་གཏོང་བ་དང་། ལེ་ཚན་གཙོ་བོ་ཀན་ལྷོའི་གསར་འགྱུར་དང་ཕྱོགས་བསྡུས་གསར་འགྱུར། གངས་ལྗོངས་འཕྲིན་གསར། གངས་རིའི་སྙན་གླུ། རོང་འབྲོག་པའི་དགའ་ཚལ། ལྷོ་སྤྲིན་ཕྱུག་མོའི་རང་སྒྲ། ཁྲིམས་ལུགས་གླེང་སྟེགས། ཞིང་འབྲོག་སྐྱིད་པའི་དགའ་ཚལ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རྒྱལ་ཡོངས་གསར་འགྱུར་མཉམ་སྒྲོག་ལེ་ཚན་བརྒྱུད་གཏོང་སོགས་ཡོད། རྒྱ་སྐད་ཕྱོགས་བསྡུས་རྒྱང་སྒྲོག་གིས་ཉིན་ཧྲིལ་བོར་དུས་ཚོད་བརྒྱད་དང་སྐར་མ་བཅུ་ལ་སྒྲ་གཏོང་བ་དང་། དེའི་ནང་དུ་ཀན་ལྷོའི་གསར་འགྱུར་དང་མཛེས་སྡུག་ཀན་ལྷོ། ན་ཆུང་བྱིས་པའི་ལེ་ཚན། སྒྲུང་གཏམ་མཐུད་གཏོང་སོགས་ཀྱི་ལེ་ཚན་བཀོད་སྒྲིག་བྱས་ཡོད། ལེ་ཚན་སྔར་བས་གཞི་རིམ་དང་བཅར་བ་དང་མང་ཚོགས་དང་བཅར་བ། འཚོ་བ་དང་བཅར་བ་བྱས་ཡོད། བོད་ཀྱི་ དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་རྒྱལ་བོའི་སྒྲུང་གི་སྒྲ་གཟིགས་གཉིས་ལྡན་གྱི་ལེ་ཚན་ནི་ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དུས་ཡུན་ལོ་གསུམ་གྱི་རིང་བློ་ཞིབ་མོས་སྒྲ་བླངས་པའི་རིག་གཞུང་རང་བཞིན་དང་མ་ལག་རང་བཞིན་ ལྡན་པའི་ལེ་ཚན་ཞིག་ཡིན་ཞིང་། དེའི་རིང་ཐུང་ལ་སྐར་མ་སྟོང་དགུ་ཡོད། དེས་བརྙན་འཕྲིན་དུ་སྒྲུང་བཤད་པའི་ལེ་ཚན་མེད་པའི་སྟོང་ཆ་བསྐངས་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1