གསེར་རྟ་རྫོང་གི་དབུལ་གྲོལ་འགག་སྒྲོལ་དངོས་སྡོད་དཔྱད་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ལས་ཀ་བདེ་བླག་ངང་སྤེལ་བ།

ཚུལ་ཁྲིམས་བློ་གྲོས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་བསྟན་སྒྲོལ་མ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-31


     སྤྱི་ཟླ་8པའི་ཚེས21ཉིན་ནས་ཚེས་23ཉིན་བར།  སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བློ་མཐུན་ཀན་ལིན་གྱིས་སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཁྲིན་ཏུའུ་འཁེལ་འཐག་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་སོགས་ཀྱི་མི་20ལྷག་གི་ལས་ཀ་ཚོགས་ཆུང་གི་སྣེ་ཁྲིད་དེ་གསེར་རྟ་རྫོང་གི་བརྡར་ཚང་ཡུལ་ཚོའི་བྱ་སྟོད་སྡེ་བ་དང་། སྟག་རྩེད་ཡུལ་ཚོའི་ས་ནག་མདོ་སྡེ་བ། གསེར་ཁོག་གྲོང་གི་བཅིངས་འགྲོལ་སྡེ་བ་གཉིས་པ། མཆོག་ཚང་ཡུལ་ཚོའི་དོམ་ཆེན་སྡེ་བ། ཡང་འོ་ཡུལ་ཚོའི་ཙིའུ་པ་སྡེ་བ་རྣམས་ལ་ཕྱིན་ནས་དབུལ་བྲལ་འགག་སྒྲོལ་དངོས་སྡོད་དཔྱད་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ལས་ཀ་སྤེལ། ཚེས་23ཉིན་གྱི་ཕྱི་དྲོར། རྒྱུན་ཨུ་ཀན་ལིན་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་སྟེ་གསེར་རྟ་རྫོང་དབུལ་གྲོལ་འགག་སྒྲོལ་དཔྱད་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་ཚོགས་འདུ་འཚོགས། 

     དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་ལོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཁུལ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་སྙན་སེང་ཕུལ་བ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་གསེར་རྟ་རྫོང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཕིང་སེན་གྱིས་རང་རྫོང་གི་དབུལ་གྲོལ་འགག་སྒྲོལ་ལས་དོན་སྙན་སེང་ཕུལ་བ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀན་ཡེན་ཕེན་གྱིས་རོགས་སྐྱོར་ལས་དོན་སྤེལ་ཚུལ་སྐོར་སྙན་སེང་ཕུལ་རྗེས་རྒྱུན་ལས་ཨུ་ཡོན་ཀན་ལིན་གྱིས་མཛུབ་སྟོན་གལ་ཆེན་གནང་།
     དང་པོ། ཕྱོགས་བཞི་ནས་མངོན་གསལ་དོད་པོ་བྱུང་ཡོད།
     གསེར་རྟ་རྫོང་གི་རོགས་སྐྱོར་ལས་ཁུངས་སོ་སོས་ཐུན་མོང་གི་འབད་བརྩོན་དང་། རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་དང་རྒྱ་ཆེའི་ལས་བྱེད་པ། མང་ཚོགས་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པའི་འོག་ད་ལོའི་དབུལ་བྲལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤྱིའི་ཆ་ནས་བདེ་བླག་ངང་བསྒྲུབས་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཅིག་ནི་རྫོང་ཨུ་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གནད་ལ་འཁེལ་ཡོད། གཉིས་ནི་རྣམ་གྲངས་ལ་སྐུལ་འདེད་བྱས་ནས་ཐོག་མའི་ཕན་འབྲས་ཐོན་ཡོད། གསུམ་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་བརྩོན་སེམས་ཆེ་རུ་ཕྱིན་ཡོད། བཞི་ནི་སྡེ་བའི་རོགས་སྐྱོར་ལས་ཁུངས་ཀྱིས་ཀྱང་རང་ནུས་ཅི་ཡོད་བཏོན་ཡོད། 
     གཉིས་པ། རེ་འདུན་བརྒྱད།
     གཅིག དབུལ་གྲོལ་འགག་སྒྲོལ་ལས་འགན་ལེགས་འགྲུབ་ཡོང་ཆེད་མཁོ་གལ་འདུ་ཤེས་དང་འགན་ཁུར་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཏན་ཏིག་ངང་ཤུགས་ཆེར་གཏོང་དགོས། གཉིས། གཡོ་འགུལ་སྤུ་ཙམ་མེད་ཅིང་ཐབས་བརྒྱ་ཇུས་སྟོང་གིས་ད་ལོའི་དབུལ་གྲོལ་དམིགས་ཚད་ཀྱི་ལས་འགན་ལེགས་འགྲུབ་བྱེད་དགོས། གསུམ། ཚན་རིག་དང་མཐུན་པར་ནུས་ཤུགས་བཏང་སྟེ་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་གཅིག་གྱུར་སྒོས་དམ་འཛིན་བྱ་དགོས། བཞི། གོང་རིམ་ནས་འོག་རིམ་དང་། ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་སོ་སོ། ལས་བྱེད་པ་དང་མང་ཚོགས། ལྷག་པར་དུ་ལས་བྱེད་པའི་ངོས་ནས་ལས་ཀའི་སྤྱོད་ཚུལ་ལེགས་པོ་དང་དབུལ་བྲལ་འགག་སྒྲོལ་གནད་འཁེལ་ཡོང་བར་ཤུགས་ཆེན་བྱ་དགོས། ལྔ། གཞི་རིམ་མང་ཚོགས་ཀྱི་དབུལ་བྲལ་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་དང་གཙོ་རྐང་གི་འདུ་ཤེས་གོང་སྤེལ་ཅི་ནུས་གཏོང་དགོས། དྲུག ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔྱད་ཞིབ་བྱ་དགོས། བདུན། ཕྱོགས་གང་ཅིའི་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་མཁས་པོ་བྱ་དགོས། བརྒྱད། ཡན་ལག་དང་རྩ་བ་མཉམ་བཅོས་སྒོས་དབུལ་གྲོལ་འགག་སྒྲོལ་ལས་དོན་དམ་འཛིན་ཡག་པོ་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1