སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཞི་བ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-01


      སྤྱི་ཟླ་8པའི་ཚེས31ཉིན། ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་སྒྲུབ་གཉེར་ཁང་གིས་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཞི་བ་དེ་ཁྲེན་ཏུའུ་ནས་འཚོགས། འཇོན་མི་འཕེལ་རྒྱས་གཏོང་བའི་ལམ་ལུགས་ནང་རྐྱེན་བཅོས་བསྒྱུར་བྱེད་པ་བརྗོད་བྱ་གཙོ་བོ་བྱས་ཏེ། འཇོན་མི་ནང་འདྲེན་གཅིག་བསྡུས་དང་། གསོ་སྐྱོང་བྱེད་པ། མཐོང་ཆེན་བྱེད་པ་དང་། སྐོར་སྐྱོད་བཀོད་སྒྲིག་དང་འཇོན་མི་དོ་དམ་སོགས་ཕྱོགས་ལྔའི་ཐད་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་དམིགས་ནས། ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གེག་རྐྱེན་དང་སྲིད་ཇུས་ར་བ་བཅས་མེད་པར་བཟོས་ནས། ཤེས་ལྡན་མི་སྣའི་གསར་སྐྲུན་ལས་སྐྲུན་བྱེད་པར་སྐུལ་སློང་བྱེད་དགོས་པ། དེ་མིན་ལོ་གསུམ་གྱི་ཚོད་ལྟ་བྱེད་པར་གྲུབ་འབྲས་ཐོབ་པ་དང་ལོ་ལྔ་ལ་གཞི་རྩའི་ཐོག་དུ་རིམ་སྤར་ཡོང་བ་གཙོ་བོའི་དམིགས་ཡུལ་དུ་བཟུང་ནས། ཤེས་ལྡན་མི་སྣ་མང་བའི་ཞིང་ཆེན་པོ་ནས་ཤེས་ལྡན་མི་སྣའི་རྐང་རྩ་བཟང་བའི་ཞིང་ཆེན་དུ་རིམ་སྤར་ཡོང་བ་མངོན་འགྱུར་ཡོང་བར་བྱེད་དགོས་ཅེས་བཏོན།
      ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་། ཞིང་ཆེན་འཇོན་མི་གཙོ་སྒྲུབ་ཁང་གི་ཀྲུའུ་རིན་ཏའེ་ཡུན་ཁང་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་འཇོན་མི་ཁྲུའུ་ཡི་ཁྲུའུ་ཀྲང་། ཞིང་ཆེན་འཇོན་མི་སྒྲུབ་གཉེར་ཁང་གི་ཆེད་དོན་ཀྲུའུ་རིན་གཞོན་པ་ཧུའུ་ཀྲིན་ཁེ། ཞིང་ཆེན་སློབ་གསོ་ཐིང་གིས་སྐོར་གཟིགས་པ་གཞོན་པ་ཀྲུའུ་ཞུའེ་ཧྥེང་། ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཐེན་ཡུན་ཧའེ། ཞིང་ཆེན་སྤྱི་བདེ་ཐིང་རྒྱལ་མཚམས་དོ་དམ་སྤྱི་ཁྱབ་རུ་ཁག་གི་རུ་དཔོན་ཀྲང་ཡན་བཅས་ཁྱབ་བསྒྲགས་ཚོགས་འདུའི་ཐོག་དུ་བཞུགས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ་ཡོད་པ་རེད། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཞའོ་ཅུ་གིས་ཁྱབ་བསྒྲགས་ཚོགས་འདུ་ལ་གཙོ་སྐྱོང་གནང་ཡོད།
      གོམ་སྟབས་རྗེས་མར་རང་རེའི་ཞིང་ཆེན་གྱི་མུ་མཐུད་དུ་འཇོན་མི་འཕེལ་རྒྱས་ཀྱི་ལམ་ལུགས་ནང་རྐྱེན་བཅོས་བསྒྱུར་དང་། མགྱོགས་མྱུར་དུ་ཞིང་ཆེན་གྱི་སློབ་གྲྭ་དང་། ཞིང་ཆེན་གྱི་སྨན་ཁང་། ཞིང་ཆེན་གྱི་ཁེ་ལས་བཅས་དང་མཉམ་ལས་དང་། ཐོན་ལས་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་མཉམ་གཅིག་དུ་གསར་སྐྲུན་དང་། ན་གཞོན་འཇོན་མི་རྣམས་ཀྱིས་གསར་སྐྲུན་ལས་སྐྲུན་དང་། ཚན་རྩལ་མི་སྣའི་ཤེས་སྟོབས་ཀྱིས་གཞི་རིམ་ལ་ཞབས་ཞུ་སྒྲུབ་པ་དང་། མཐོ་རིམ་འཇོན་མིའི་གསར་སྐྲུན་ལས་སྐྲུན་བྱེད་པ་སོགས་སྟེགས་བུ་ཆེན་པོ་ལྔ་བསྐྲུན་ནས། གཏིང་གཟབ་སྒོས་ཕུལ་བྱུང་གི་ལས་བྱེད་འཇོན་མི་གསོ་སྐྱོང་དང་མཐོ་རིམ་འཇོན་མི་ནང་འདྲེན། གསར་སྐྲུན་རང་བཞིན་གྱི་ཁེ་ལས་གསོ་སྐྱོང་། ཕུལ་བྱུང་འཇོན་མིའི་གསར་སྐྲུན་ལས་སྐྲུན་བྱེད་པར་འདེགས་སྐྱོར་དང་། བོད་ཁུལ་དང་དབུལ་ཕོངས་ས་ཁུལ་གྱི་ཆེད་ལས་ཀྱི་འཇོན་མིར་རྒྱབ་སྐྱོར། ལག་རྩལ་མི་སྣ་གསོ་སྐྱོང་བྱེད་པ་སོགས་འདུ་འགོད་ཆེན་མོ་དྲུག་བཀོལ་ནས། མགྱོགས་མྱུར་དུ་མཐོ་རིམ་འཇོན་མི་གཅིག་བསྡུས་དང་གསོ་སྐྱོང་བཅས་བྱས་ཏེ། རིམ་པ་མང་བའི་འཇོན་མིའི་དཔུང་སྡེ་ཤིག་ཆགས་པར་བྱ་རྒྱུ་རེད།
    ཤིན་ཧྭ་གསར་འགྱུར་ཁང་།ཀྲུང་གོའི་ཤིན་ཧྭ་གསར་འགྱུར་ཁང་། སི་ཁྲོན་ཉིན་རེའི་ཚགས་པར། སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་། ཁྲེན་ཏུའུ་ཧྭ་ཤིས་གྲོང་ཁྱེར་གྱི་ཚགས་པར། དཔེ་ཐུམ་གསར་འགྱུར་སོགས་སྨྱན་སྦྱོར་ཁང་གིས་སོ་སོར་བྱས་ཏེ་ཐུགས་ཁུར་གནང་བའི་གནད་དོན་གྱི་སྐོར་ནས་འདྲི་གཞི་བཏོན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1