ཞིང་དཔོན་དབྱི་ལི་ཡིས་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་དབུལ་གྲོལ་འགག་སྒྲོལ་ལས་ཀར་དངོས་སྡོད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-02


          སྤྱི་ཟླ་8པའི་ཚེས29ཉིན་ནས་ཟླ་9པའི་ཚེས1ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ལྟ་སྐུལ་མཛུབ་སྟོན་ཚོ་ཆུང་གི་སྣེ་ཁྲིད་ནས་རྔ་བ་ཁུལ་དུ་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟག་དཔྱད་ཞིབ་འཇུག་གནང་བ་དང་། འབར་ཁམས་ཁམས་གྲོང་ཁྱེར་གྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་དངོས་སྡོད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་གནང་།
        ལྟ་སྐུལ་མཛུབ་སྟོན་ཚོ་ཆུང་དེ་ཚོ་ཆུང་དྲུག་དུ་བགོས་ནས་འབར་ཁམས་གྲོང་ཁྱེར་གྱི་གྲོང་སྡེ་11དང་དབུལ་ཕོངས་དུད་ཚང་114ཡི་ཁྱིམ་དུ་ཕྱིན་ནས་དངོས་སྡོད་ཞིབ་འཇུག་གནང་ནས།དབུལ་གྲོལ་འགག་སྒྲོལ་གྱི་རྣམ་གྲངས་སོ་སོའི་བྱ་བར་ཆེད་དུ་ལྟ་སྐུལ་མཛུབ་སྟོན་གནང་།
        དབུལ་གྲོལ་འགག་སྒྲོལ་ལས་ཀའི་བཞུགས་མོལ་འཚོགས་འདུའི་ཐོག་དུ། དབྱི་ལི་ཡིས་རྔ་བ་ཁུལ་དང་འབར་ཁམས་གྲོང་ཁྱེར། དེ་མིན་འབྲེལ་ཡོད་ཀྱི་དབུལ་སྐྱོར་སྡེ་ཁག་དང་ལྟ་སྐུལ་མཛུབ་སྟོན་བྱེད་པའི་ལས་ཁུངས་ཁག་གི་དབུལ་གྲོལ་འགག་སྒྲོལ་སྐོར་གྱི་གནས་ཚུལ་ཡར་ཞུ་ལ་གསན་འཇོག་གནང་ནས། དུས་སྐབས་སྔོན་མའི་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀའི་ཁྲོད་གནས་པའི་གནད་དོན་ལ་ཞིབ་འཇུག་དང་། གོམ་སྟབས་རྗེས་མའི་ལས་ཀའི་ཐད་དུ་བཀོད་སྒྲིག་གནང་། དབྱི་ལི་ཡིས་དབུལ་གྲོལ་འགག་སྒྲོལ་བྱ་རྒྱུ་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ལྷག་པར་དུ་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་ཡུན་རིང་ལ་བརྟན་འཇགས་ཡོང་བའི་ཐད་དུ་དོན་སྙིང་གལ་ཆེན་ལྡན་ཞེས་བཏན།
        རྔ་བ་ཁུལ་དུ་སྡོད་པའི་སྐབས་སུ། དབྱི་ལི་ད་དུང་མཛོད་དགེ་རྫོང་དང་ཧུང་ཡོན་རྫོང་སོགས་སུ་ཕེབས་ནས་དགོན་པའི་དོ་དམ་དང་། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་ཀར་རྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། རྔ་བ་ཁུལ་གྱི་ལས་བྱེད་པའི་ཚོགས་འདུའི་ཐོག་དུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་ཀའི་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། རྔ་བ་ཁུལ་གྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ཐོག་དུ་གཅིག་གྱུར་ཡོང་བར་བྱེད་པ་དང་། འཕེལ་རྒྱས་དང་དམངས་འཚོ། བརྟན་འཇགས་བཅས་དོན་ཆེན་གསུམ་དམ་འཛིན་ཏན་ཏིག་བྱས་ནས། བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།རྔ་བ་ཁུལ་ཏང་ཨུའི་ཧྲུའུ་ཅི་ལོའུ་ཙོ་མིང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་རྣམས་རྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་གནང་བའི་ཁྲོད་དུ་བཞུགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1