སྐབས་གཉིས་པའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེ་འགྲན་སྡུར་འཚོགས་པ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 09-05


    སྤྱི་ཟླ་9པའི་ཚེས་3ཉིན། མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་མདའ་རྩེ་འགྲན་སྡུར་གྱི་དྲིལ་སྒྲོག་པར་རིས་གང་སར་ཁྱབ་ཏེ། རྒྱལ་སྤྱི་རང་བཞིན་གྱི་མདའ་རྩེ་འགྲན་སྡུར་ཞིག་གནས་དེ་རུ་འགོ་ཚུགས་པའི་དྲིལ་བརྡ་བཏང་། དེ་རིང་། སྐབས་གཉིས་པའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེ་འགྲན་སྡུར་དེ་གུང་ཧོ་ནས་གཟབ་རྒྱས་ངང་འཚོགས་རྒྱུ་རེད།

       རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་དེའི་འགྲན་སྡུར་དེ་ཀྲུང་གོའི་མདའ་རྩེ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་། ཞིང་ཆེན་ལུས་རྩལ་ཚོགས་པས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པ་རེད།

       སྐབས་འདིའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེ་འགྲན་སྡུར་གྱིས་རྒྱུན་འཛིན། ཁྱད་ལྡན། གསར་གཏོད། འཕེལ་རྒྱས་བཅས་བརྗོད་དོན་བྱས་ཏེ་གཞུ་རིགས་4དང་འགྲན་སྡུར་རྣམ་གྲངས་5བཀོད་སྒྲིག་བྱས་ཡོད་པ་དང་། ད་ལྟའི་བར་དུ། བསྡོམས་པས་རྒྱལ་ཁབ་དང་ས་གནས་23དང་རུ་ཁག་118 ལུས་རྩལ་པ་920འགྲན་ཞུགས་བྱས་ཡོད།

       འགྲན་སྡུར་ཁྲོད། རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་འགྲན་སྡུར་གྱི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྤེལ་རྒྱུ་ཡིན་པས། རྒྱལ་ནང་གི་མདའ་རྩེ་ལས་རིགས་སུ་མིང་གྲགས་ཆེ་བའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་གདན་ཞུ་བྱས་ཏེ་འཆད་ཁྲིད་བྱེད་རྒྱུན་ཡིན་པ་དང་། གོམ་གང་མདུན་སྤོས་སྒོས་ཀྲུང་གོའི་མཚོ་སྔོན་མི་རིགས་རྒྱལ་སྤྱིའི་སྲོལ་རྒྱུན་མདའ་རྩེ་འགྲན་སྡུར་གྱི་མིང་གྲགས་ཚད་དང་ཤུགས་རྐྱེན་ཐེབས་ཚད་མཐོ་རུ་བཏང་སྟེ། མཚོ་སྔོན་མདའ་རྩེ་འགྲན་སྡུར་ལུས་རྩལ་གྱི་དོ་དམ་གང་ལེགས་དང་མི་སྣ་གསོ་སྐྱོང་འཐུས་ཚང་དུ་བཏང་ནས། ཚད་ལྡན་གྱི་མདའ་རྩེ་འགྲན་རྩོད་རྩ་འཛུགས་རུ་ཁག་ཅིག་འཛུགས་རྒྱུ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1