ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐུ་རུའེ་ཧྲ་མའེ་ལ་མཇལ་ཕྲད་གནང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ། རྣམ་དཀར་ལྷ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-06


        སྤྱི་ཟླ་9པའི་ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐུ་རུའེ་ཧྲ་མའེ་ལ་མཇལ་ཕྲད་གནང་། ཞི་ཅིན་ཕིང་གིས་ཐོག་མར་ཐུ་རུའེ་ཧྲ་མའེ་ཡིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་གནང་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འགན་འཛིན་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་རྒྱལ་སྤྱིའི་ལམ་སྲོལ་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་དང་དབྱིན་ཇིའི་གཉིས་ཀྱིས་མཉམ་ལས་ཤུགས་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པར་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་དགེ་མཚན་བསྐྲུན། ཀྲུང་ཕྱོགས་ཀྱིས་དབྱིན་ཇིའི་སྲིད་གཞུང་གསར་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ་མུ་མཐུད་དུ་ཆབ་སྲིད་ཕན་ཚུན་ཡིད་ཆེས་དང་མངའ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ཇེ་ཟབ་བཏང་སྟེ་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་དགོས་ཞེས་བསྟན།

        ཐུ་རུའེ་ཧྲ་མའེ་ཡིས་ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་བདེ་བླག་སྤེལ་བར་རྟེན་འབྲེལ་ཞུས་པ་ཡིན། དབྱིན་ཇི་དང་ཀྲུང་གོ་བར་གྱི་འབྲེལ་བ་ད་ལྟ་རྫོགས་ལྡན་དུས་རབས་སུ་སླེབས་འདུག རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མངའ་ཁོངས་རྒྱ་ཆེ་ཞིང་མདུན་ལྗོངས་ཤིན་ཏུ་ལེགས། དབྱིན་ཇིའི་ཕྱོགས་ཀྱིས་དབྱིན་ཇི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཛའ་འབྲེལ་གཏིང་ཟབ་ཏུ་སྤེལ་བར་ཧུར་ཐག་བྱེད་བཞིན་ཡོད་ལ། ཕན་ཚུན་གྱི་རྒྱུས་ལོན་དང་ཡིད་ཆེས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་བཟོ་ཚོང་དང་། མ་རྩ་གཏོང་འཇོག དངུལ་རྩ། བདེ་འཇགས། ཁྲིམས་འཛིན་སོགས་མངའ་ཁོངས་སོ་སོའི་ཐད་ནས་མཉམ་ལས་བྱེད་པར་རེ་བ་ཆེན་པོ་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1