སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ལྷ་ས་རུ་གཟབ་རྒྱས་ངང་འཚོགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 09-12


        སྤྱི་ཟླ་9པའི་ཚེས་10ཉིན་གྱི་དགོང་མོར། སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ལྷ་ས་རུ་དངོས་སུ་འཚོགས་འགོ་ཚུགས།

        ཉིན་བདུན་རིང་གི་སྐབས་འདིའི་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུར་མུ་མཐུད་དུ་མི་ཡུལ་གྱི་དག་ཞིང་། དག་གཙང་གི་བོད་ལྗོངས་ཞེས་པའི་བརྗོད་དོན་གཙོ་བོ་ཟབ་སྤེལ་བྱ་རྒྱུ་སྟེ། བརྗོད་དོན་གཙོ་བོའི་གླེང་སྟེགས་དང་ཐོན་རྫས་འགྲེམ་ཚོང་སོགས་སྐབས་སྔོན་མའི་མུ་འབྲེལ་བྱེད་སྒོ་སྤེལ་རྒྱུ་ཡིན་པར་མ་ཟད། རིག་གནས་ཡན་ལག་གླེང་སྟེགས་དང་ཕོ་བྲང་པོ་ཏ་ལའི་ནོར་མཛོད་འགྲེམ་སྟོན་སོགས་རྣམ་གྲངས་གསར་པ་ཁ་སྣོན་བྱ་རྒྱུ་རེད།

        གསར་འགོད་པས་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་དོ་ཁུར་ཆེན་པོ་ཐོབ་པའི་བརྗོད་དོན་གཙོ་བོའི་གླེང་སྟེགས་དེ་ད་ལོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཁྱོན་ཡོངས་ནས་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་སྒོ་འབྱེད་ལམ་བུ་གལ་ཆེན་མགྱོགས་མྱུར་འཛུགས་སྐྲུན་བྱ་བའི་བརྗོད་དོན་གཙོ་བོ་དེ་ཡིན།

        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བསྡོམས་པས་རྒྱལ་ཁབ་དང་ས་ཁུལ་15ཡི་སྐུ་མགྲོན་400ཙམ་གདན་ཞུ་བྱས་ཤིང་། སྐབས་སྔོན་མའི་མི་གྲངས་ལས་ལྡབ་4འཕར། དེའི་ཁྲོད་དུ་རྒྱལ་ཁབ་མང་པོའི་སྲིད་འཛིན་སྡེ་ཁག་གི་མི་སྣང་དང་ཀྲུང་གོར་བཅའ་སྡོད་བྱས་ཡོད་པའི་གཞུང་ཚབ་ཚོགས་པ། འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་འཐུས་མི་སོགས་འདུ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1