༄༅།། འཛམ་གླིང་སྤྱི་བསངས།

ཀརྨ་པ་རབ་བྱུང་རྡོ་རྗེ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ཀརྨ་རབ་བྱུང་རྡོ་རྗེའི་གསུངས་འབུམ་ལས་ཚན་བཤུས། སྤེལ་དུས། 09-18


        རབ་བྱུང་དྲུག་པའི་ས་འབྲུག་སྤྱི་ལོ་༡༣༢༨ལོར་ཀརྨ་པ་རང་བྱུང་རྡོ་རྗེས་བོད་ཀྱི་བྱང་ཕྱོགས་སོག་ཆུ་ཁར་ལྕགས་ཟམ་བཙུགས་སྐབས། འཛམ་བུ་གླིང་གི་གཞི་བདག་རྣམས་ལ་འཕྲིན་བཅོལ་གྱི་ཆེད་དུ་བརྩམས་པའི་བསངས་དཔེ་ཞིག་གི་མིང་ཡིན། དེ་རྗེས་སུ་བོད་ཀྱི་ཡུལ་གྲུ་སོ་སོར་ཟླ་བ་ལྔ་པའི་ནང་ཡུལ་ལྷ་བསོ་ཞིང་ལྷ་བསངས་བཏང་བའི་དུས་ཆེན་ཞིག་དར་བ་དང་། ལྷ་བསངས་བཏོང་སྐབས་འཛམ་གླིང་སྤྱི་བསངས་ཀྱི་དཔེ་ཆ་འདི་འདོན་སྲོལ་ཆགས་པར་འཛམ་གླིང་སྤྱི་བསང་ཞེས་རི་ལྷ་བསོ་བའི་དུས་ཆེན་དེའི་མིང་ཆགས་པ་རེད། རི་ལྷ་བསོ་ཞིང་ལྷ་བསང་བཏང་བའི་དུས་ནི་ཡུལ་སོ་སོའི་ས་བབ་དང་བསྟུན་པའི་དུས་ཚོད་མི་འདྲ་བ་ཅུང་ཟད་ཡོད་ཀྱང་། ཟླ་བ་ལྔ་པའི་ཚེས་བཅོ་ལྔར་དམིགས་བསལ་བོད་ཁམས་ཡོངས་ལ་ལྷ་བསངས་གཏོང་བའི་སྲོལ་དེ་ཡོད་འདུག དེང་དུས་ཚིག་མཛོད་འགའ་ཞིག་དང་། བོད་ཡིག་དབྱིངས་ཐེར་དྲྭ་རྒྱ་སོགས་ཀྱི་ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་གུ་རུ་པདྨ་འབྱུང་གནས་ཀྱིས་མཛད་པ་རེད་ཅེས་བྲིས་འདུག་པ་དེ་ནི་ལྷ་བསང་རྒྱག་བརྔན་དང་གཅིག་ཏུ་འཁྲུལ་ནས་ངོ་སྤྲོད་བྱས་པར་སེམས། ལྷ་བསང་རྒྱགས་བརྔན་ནི་སློབ་དཔོན་པདྨས་མཛད་ཅིང་གཏེར་སྟོན་རིག་འཛིན་རྒོད་ལྡེམ་གྱིས་གཏེར་ནས་བཏོན་པ་ཞིག་ཡིན། དེ་དང་འཛམ་གླིང་སྤྱི་བསང་གཉིས་དོན་གཅིག་མིན་པར་ཤེས་པ་བྱའོ། འོན་ཀྱང་སློབ་དཔོན་པདྨས་མཛད་པའི་འཛམ་གླིང་སྤྱི་བསངས་ཟེར་ནི་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཆ་གང་ལའང་མཐོང་རྒྱུ་མི་སྣང་། །  
ཆོས་རྗེ་རང་བྱུང་རྡོ་རྗེས་སོག་ཆུ་ལ་ལྕགས་ཟམ་འཛུགས་སྐབས་མཛད་པའི་འཛམ་གླིང་སྤྱི་བསངས་བཞུགས་སོ།
     ཀྱེེ། སྔོན་གྱི་བསྐལ་པ་དང་པོ་ལ། །བསང་གི་རྒྱུ་ནི་ཇི་ལྟར་སྲིད། །སྐྱེ་མེད་སྤྲོས་བྲལ་སྟོང་པ་ལ། །འགགས་མེད་འཁོར་ལོ་བསྒྱུར་རྒྱལ་ཤར། །སྐྱེ་འགགས་གཉིས་མེད་རོལ་པ་ལ། །མཁའ་ལ་རླུང་བརྟེན་འབྱུང་བ་རིམ་བཞིན་ཆག །ཕྱི་སྣོད་འཇིག་རྟེན་གཞལ་ཡས་རང་གྲུབ་ལ། །ནང་བཅུད་སེམས་ཅན་བྱང་ཆུབ་སྙིང་པོར་གྱུར། །སྤྲུལ་པའི་ལྷ་རྣམས་འགྲོ་བའི་དོན་ལ་བྱོན། །རི་རབ་རི་བདུན་རང་བཞིན་ལྷུན་གྱིས་གྲུབ། །རོལ་པའི་མཚོ་བདུན་སྨོན་ལམ་སྟོབས་ཀྱིས་ཆགས། །མེ་ཤེལ་ཆུ་ཤེལ་སྣང་སྲིད་དཀར་དམར་ཤར། །སྤོས་རི་ངད་ལྡན་འཛམ་བུ་གླིང་གི་རི། །རི་བོ་དེ་ཡི་ཤར་ཕྱོགས་ན། །ཤིང་ནི་བ་ལུ་དཀར་པོ་སྐྱེས། །རི་བོ་དེ་ཡི་ལྷོ་ཕྱོགས་ན། །ཤིང་ནི་གསེར་སྟག་སེར་པོ་སྐྱེས། །རི་བོ་དེ་ཡི་ནུབ་ཕྱོགས་ན། །ཤིང་ནི་ཙན་དན་དམར་པོ་སྐྱེས། །རི་བོ་དེ་ཡི་བྱང་ཕྱོགས་ན། །ཤིང་ནི་ལོ་བཟང་ཤུགས་པ་སྐྱེས། །རི་བོ་དེ་ཡི་ནུབ་བྱང་ན། །ཤིང་ནི་དེ་ཝ་ཌྰ་རུ་སྐྱེས། །རི་བོ་དེ་ཡི་བྱང་ཤར་ན། །ཤིང་ནི་མཁན་དཀར་གསེར་མགོ་སྐྱེས། །རི་བོ་དེ་ཡི་དབུས་ཕྱོགས་ན། །ཤིང་ནི་དཔག་བསམ་ལྗོན་ཤིང་སྐྱེས། །ཤིང་སྣ་དགུ་ཡི་དུད་པ་དང་། །ཕྱེ་མར་ཟས་ཕུད་སྐོམ་དང་ནི། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །དཀར་དམར་མདངས་ལྡན་ཤ་ཕུད་དང་། །རྩི་སྨན་དར་ཟབ་སྣ་ཚོགས་དང་། །རོལ་མོ་སྒྲ་སྙན་གདུང་བའི་དབྱངས། །འདོད་ཡོན་མཆོད་པ་སྣ་ཚོགས་ཀྱིས། །ཀྱེ། ཀུན་ཏུ་བཟང་པོ་ལ་སོགས་པའི། །རྙིང་མ་རྒྱུད་པ་ཐམས་ཅད་བསངས། །རྡོ་རྗེ་འཆང་ཆེན་ལ་སོགས་པའི། །གསར་མ་རྒྱུད་པ་ཐམས་ཅད་བསངས། །སྣང་བ་མཐའ་ཡས་ལ་སོགས་པའི། ། གཏེར་མ་རྒྱུད་པ་ཐམས་ཅད་བསངས། །པདྨ་འབྱུང་གནས་ལ་སོགས་པའི། །རིག་འཛིན་རྒྱུད་པ་ཐམས་ཅད་བསངས། །ཕ་རོལ་ཕྱིན་དྲུག་ལ་སོགས་པའི། །དུས་གསུམ་རྒྱལ་བའི་ཡུམ་རྣམས་བསངས། །དཀོན་མཆོག་འབྱུང་གནས་ལ་སོགས་པའི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསངས། །མར་མེ་མཛད་ལ་སོགས་པ་ཡི། །འདས་པའི་སངས་རྒྱས་ཐམས་ཅད་བསངས། །ཤྰཀྱ་ཐུབ་པ་ལ་སོགས་པའི། །ད་ལྟའི་སངས་རྒྱས་ཐམས་ཅད་བསངས། །བྱམས་པ་མགོན་པོ་ལ་སོགས་པའི། །ཕྱིས་ནས་འབྱོན་པ་ཐམས་ཅད་བསངས། །རྣམ་པ་སྣང་མཛད་ལ་སོགས་པའི། །བདེ་གཤེགས་རྒྱལ་བ་རིག་ལྔ་བསངས། །ནམ་མཁའི་དབྱིངས་ཕྱུག་ལ་སོགས་པའི། །རིགས་ཀྱི་ཡུམ་ཆེན་ལྔ་པོ་བསངས། །འཕགས་པ་འཇམ་དཔལ་ལ་སོགས་པའི། །རིགས་གསུམ་མགོན་པོ་རྣམ་གསུམ་བསངས། །ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསངས། །གནས་བརྟན་རབ་འབྱོར་ལ་སོགས་པའི། །ཉན་ཐོས་ཆེན་པོ་བཅོ་བརྒྱད་བསངས། །གདུང་བ་སེལ་ལ་སོགས་པ་ཡི། །རང་རྒྱལ་ཆེན་པོ་བཅུ་གཉིས་བསངས། །བྷ་ར་དྷཱ་ཛ་ལ་སོགས་པའི། །གནས་བརྟན་ཆེན་པོ་བཅུ་དྲུག་བསངས། །སློབ་དཔོན་ཐོག་མེད་ལ་སོགས་པའི། །འཛམ་བུ་གླིང་གི་རྒྱན་དྲུག་བསངས། །ཨིནྡྲ་བྷོ་དྷི་ལ་སོགས་པའི། །རྣལ་འབྱོར་གྲུབ་ཆེན་བརྒྱད་པོ་བསངས། །ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བསངས། །གསང་བ་འདུས་པ་ལ་སོགས་པའི། །ཕ་རྒྱུད་ལྷ་ཚོགས་ཐམས་ཅད་བསངས། །མ་ཧཱ་མ་ཡ་ལ་སོགས་པའི། །མ་རྒྱུད་ལྷ་ཚོགས་ཐམས་ཅད་བསངས། །བདེ་མཆོག་དགྱེས་རྡོར་ལ་སོགས་པའི། །བླ་མེད་རྒྱུད་སྡེ་ཐམས་ཅད་བསངས། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །ཞི་བའི་ལྷ་ཚོགས་ཐམས་ཅད་བསངས། །ཆེ་མཆོག་ཁྲག་འཐུང་ལ་སོགས་པའི། །ཁྲོ་བོའི་ལྷ་ཚོགས་ཐམས་ཅད་བསངས། །གཤིན་རྗེ་གཤེད་ལ་སོགས་པ་ཡི། །སྐུ་ཡི་ལྷ་ཚོགས་ཐམས་ཅད་བསངས། །པདྨ་དབང་ཆེན་ལ་སོགས་པའི། །གསུང་གི་ལྷ་ཚོགས་ཐམས་ཅད་བསངས། །བཛྲ་ཧེ་རུ་ཀ་ལ་སོགས། །ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་བསངས། །རྡོ་རྗེ་གཞོན་ནུ་ལ་སོགས་པའི། །འཕྲིན་ལས་ལྷ་ཚོགས་ཐམས་ཅད་བསངས། །བླ་མེད་ཧེ་རུ་ཀ་ལ་སོགས། །མ་མོ་རྦད་གཏོང་ལྷ་ཚོགས་བསངས། །རྩ་བའི་བླ་མ་ལ་སོགས་པའི། །རིག་འཛིན་བླ་མའི་ལྷ་ཚོགས་བསངས། །དྲེགས་པ་ཀུན་འདུལ་ལ་སོགས་པའི། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་བསངས། །སྟོབས་ལྡན་ནག་པོ་ལ་སོགས་པའི། །དམོད་པ་དྲག་སྔགས་ལྷ་ཚོགས་བསངས། །རིག་འཛིན་མཁའ་འགྲོ་ལ་སོགས་པའི། །བཀའ་སྲུང་ལྷ་ཚོགས་ཐམས་ཅད་བསངས། །མགོན་པོ་ནག་པོ་ལ་སོགས་པའི། །ཆོས་སྐྱོང་ཕོ་རྒྱུད་ཐམས་ཅད་བསངས། ། དཔལ་ལྡན་ལྷ་མོ་ལ་སོགས་པའི། །ཆོས་སྐྱོང་མོ་རྒྱུད་ཐམས་ཅད་བསངས། །ཚངས་པ་དུང་ཐོད་ལ་སོགས་པའི། །སྟེང་གི་ལྷ་ཚོགས་ཐམས་ཅད་བསངས། །གཉན་རྒན་དེ་ཝ་ལ་སོགས་པའི། །བར་སྣང་གནས་པའི་གཉན་རྣམས་བསངས། །ས་བདག་དབང་ཆེན་ལ་སོགས་པའི། །ས་ལ་གནས་པའི་ས་བདག་བསངས། །ཡུལ་འཁོར་སྲུང་ལ་སོགས་པ་ཡི། །རྒྱལ་པོ་ཆེན་པོ་སྡེ་བཞི་བསངས། །ལྷ་དབང་རྒྱ་བྱིན་ལ་སོགས་པའི། །ཕྱོགས་སྐྱོང་གཉན་པོ་བཅུ་པོ་བསངས། །མ་ཧཱ་དེ་ཝ་ལ་སོགས་པའི། །ལྷ་ཆེན་བརྒྱད་པོ་འཁོར་བཅས་བསངས། །དགའ་བོ་འཇོག་པོ་ལ་སོགས་པའི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་བསངས། །ཉི་མ་ཟླ་བ་ལ་སོགས་པའི། །གཟའ་ཆེན་བརྒྱད་པོ་འཁོར་བཅས་བསངས། །ཛམ་བྷ་ལ་ལ་སོགས་པ་ཡི། །ནོར་སྲུང་བརྒྱད་པོ་འཁོར་བཅས་བསངས། །སྐར་མ་སྨིན་དྲུག་ལ་སོགས་པའི། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བསངས། །རྒྱལ་བློན་བཅུ་གཉིས་ལ་སོགས་པའི། །ལོ་ཡི་ས་བདག་ཐམས་ཅད་བསངས། །མགྲོན་བུ་ལྷ་ལྔ་ལ་སོགས་པའི། །ཟླ་བའི་ས་བདག་ཐམས་ཅད་བསངས། །བྱི་ལིང་འཕར་མ་ལ་སོགས་པའི། །ཞག་གི་ས་བདག་ཐམས་ཅད་བསངས། །ཉུ་ལེ་བཅུ་གཉིས་ལ་སོགས་པའི། །དུས་ཚོད་ས་བདག་ཐམས་ཅད་བསངས། །རི་བོ་མཆོག་རབ་ལ་སོགས་པའི། །རི་བདུན་རོལ་པའི་མཚོ་བདུན་བསངས། །ལྷོ་རྒྱལ་འཛམ་བུ་གླིང་ལ་སོགས། །གླིང་ཆེན་བཞི་ལ་གནས་པ་བསངས། །རྔ་ཡབ་གླིང་ལ་སོགས་པ་ཡི། །གླིང་ཕྲན་བརྒྱད་ལ་གནས་པ་བསངས། །རི་བོ་པོ་ཏ་ལ་སོགས་པའི། །རི་བོ་རྣམས་ལ་གནས་པ་བསངས། །ཆུ་བོ་གངྒ་ལ་སོགས་པའི། །ཆུ་བོ་རྣམས་ལ་གནས་པ་བསངས། །རྡོ་རྗེ་གདན་ལ་སོགས་པ་ཡི། །རྒྱ་གར་གཙུག་ལག་སྲུང་མ་བསངས། །ན་ལེནྡྲ་ལ་སོགས་པ་ཡི། །རྒྱ་གར་ཆོས་གྲྭའི་སྲུང་མ་བསངས། །ཨོ་རྒྱན་ཡུལ་ལ་སོགས་པ་ཡི། །བསྒྲུབ་གནས་རྣམས་ལ་གནས་པ་བསངས། །བསིལ་པ་ཚལ་ལ་སོགས་པ་ཡི། །དུར་ཁྲོད་རྣམས་ལ་གནས་པ་བསངས། །འཕགས་པ་ཤིང་ཀུན་ལ་སོགས་པའི། །བལ་པོའི་གཞི་བདག་ཐམས་ཅད་བསངས། །རི་བོ་གྷནྡྷོ་ལ་སོགས་པའི། །བོད་ཀྱི་མགུལ་ལྷ་བཅུ་གསུམ་བསངས། །ཁ་རག་ཁྱུང་བཙུན་ལ་སོགས་པའི། །བོད་ཁམས་སྐྱོང་བ་བཅུ་གཉིས་བསངས། །ཨེ་ཛི་རི་དང་ཤིན་གྷ་དྷ། །བྱང་ཕྱོགས་ས་བདག་ཐམས་ཅད་བསངས། །གནམ་མཚོ་ཕྱུག་མོ་ལ་སོགས་པའི། །བྱང་གི་མཚོ་སྨན་ཐམས་ཅད་བསངས། །མ་ཕམ་གཡུ་མཚོ་ལ་སོགས་པའི། །ཞང་ཞུང་ཡུལ་གྱི་མཚོ་སྨན་བསངས། །ལྷ་ས་བསམ་ཡས་ལ་སོགས་པའི། །བོད་ཀྱི་གཙུག་ལག་སྲུང་མ་བསངས། །ལྷོ་བྲག་མཁར་ཆུ་ལ་སོགས་པའི། །བོད་ཡུལ་དབེན་གནས་སྲུང་མ་བསངས། །དགེ་བསྙེན་མཁའ་རི་ལ་སོགས་པའི། །བོད་ཡུལ་གཏེར་སྲུང་ཐམས་ཅད་བསངས། །དཔལ་ལྡན་ས་སྐྱ་ལ་སོགས་པའི། །ཆོས་གྲྭའི་སྲུང་མ་ཐམས་ཅད་བསངས། །དྭགས་ལྷ་སྒམ་པོ་ལ་སོགས་པའི། །སྒོམ་གྲྭའི་སྲུང་མ་ཐམས་ཅད་བསངས། ། གངས་དཀར་ཏི་སེ་ལ་སོགས་པའི། །མངའ་རིས་ཡུལ་གྱི་ས་བདག་བསངས། །གང་བ་བཟང་པོ་ལ་སོགས་པའི། །གཙང་གི་ས་བདག་ཐམས་ཅད་བསངས། །ཡར་ལྷ་ཤམ་པོ་ལ་སོགས་པའི། །ཡར་ལུང་ས་བདག་ཐམས་ཅད་བསངས། །ཐང་ལྷ་ཡར་བཞུད་ལ་སོགས་པའི།      །དབུས་ཀྱི་ས་བདག་ཐམས་ཅད་བསངས། །འོ་དེ་གུང་རྒྱལ་ལ་སོགས་པའི། །ཉང་པོའི་ས་བདག་ཐམས་ཅད་བསངས། །སྒམ་པོ་ས་རི་ལ་སོགས་པའི། །དྭགས་པོའི་ས་བདག་ཐམས་ཅད་བསངས། །ཀོང་བཙུན་དེ་མོ་ལ་སོགས་པའི། །ཀོང་པོའི་ས་བདག་ཐམས་ཅད་བསངས། །ཁ་ཤ་སྙུག་རི་ལ་སོགས་པའི། །མོན་ཡུལ་ས་བདག་ཐམས་ཅད་བསངས། །གཡག་ལ་སེ་བོ་ལ་སོགས་པའི། །སོག་གི་གཞི་བདག་ཐམས་ཅད་བསངས། །ཁ་བ་དཀར་པོ་ལ་སོགས་པའི། །ཚ་བ་རོང་གི་ས་བདག་བསངས། །རོང་ལྷ་རྒྱལ་མཚན་ལ་སོགས་པའི། །རོང་གི་ས་བདག་ཐམས་ཅད་བསངས། །དམག་དཔོན་དགྲ་འདུལ་ལ་སོགས་པའི།  །ཚ་བ་སྒང་གི་ས་བདག་བསངས། །ཁྱུང་ཐོ་དུང་རི་ལ་སོགས་པའི། །སྤོ་བོའི་ས་བདག་ཐམས་ཅད་བསངས། །གཟི་ཡི་མ་ཡོ་ལ་སོགས་པའི། །ལྕི་ཡི་ས་བདག་ཐམས་ཅད་བསངས། །འབྲི་རྒྱལ་ཤེ་རི་ལ་སོགས་པའི། །མདོ་ཁམས་སྒང་གི་གཞི་བདག་བསངས། །རྩི་ཡི་ས་རྒོད་ལ་སོགས་པའི། །ཟླ་བའི་ས་བདག་ཐམས་ཅད་བསངས། །རྡོ་ཐི་གངས་དཀར་ལ་སོགས་པའི། །གནས་དྲུག་ས་བདག་ཐམས་ཅད་བསངས། །ཡོལ་རྒྱལ་མ་ཡོལ་ལ་སོགས་པའི། །ཡོལ་གྱི་གཞི་བདག་ཐམས་ཅད་བསངས། །ངོམ་རྒྱལ་མཚོ་བཀྲ་ལ་སོགས་པའི། །ངོམ་གྱི་ས་བདག་ཐམས་ཅད་བསངས། །ཆབ་ལ་རྫོང་ཕྲོལ་ལ་སོགས་པའི། །འབེ་ཡི་ས་བདག་ཐམས་ཅས་བསངས། །སྒྱོགས་ཆེན་གདོང་ར་ལ་སོགས་པའི། །འདན་གྱི་ས་བདག་ཐམས་ཅས་བསངས། །མི་མགོན་དཀར་པོ་ལ་སོགས་པའི། །སྨར་ཁམས་སྒང་གི་ས་བདག་བསངས། །གེར་མཛོ་གཉན་པོ་ལ་སོགས་པའི། །ཤར་ཟླའི་ས་བདག་ཐམས་ཅད་བསངས། །རྨ་ཆེན་སྤོམ་ར་ལ་སོགས་པའི། །རྨ་ཡི་ས་བདག་ཐམས་ཅས་བསངས། །དགེ་བསྙེན་གདོང་ར་ལ་སོགས་པའི། །འབྲི་གུང་ས་བདག་ཐམས་ཅད་བསངས། །གཙང་གཉན་སྨྲི་ཏི་ལ་སོགས་པའི། །གཙང་གི་ས་བདག་ཐམས་ཅད་བསངས། །རྡོ་རྗེ་དཔལ་བརྩེགས་ལ་སོགས་པའི། །སྤོམ་འབོར་སྒང་གི་ས་བདག་བསངས། །ལྷ་ཆེན་སྐུ་ལྷ་ལ་སོགས་པའི། །རྒྱལ་མོ་རོང་གི་ས་བདག་བསངས། །བཞག་ར་ལྷ་རྩེ་ལ་སོགས་པའི། །རབ་སྒང་ས་བདག་ཐམས་ཅད་བསངས། །རི་བོ་རྩེ་ལྔ་ལ་སོགས་པའི། །རྒྱ་ནག་ས་བདག་ཐམས་ཅས་བསངས། །འཇང་རི་སྨུག་པོ་ལ་སོགས་པའི། །འཇང་ཡུལ་ས་བདག་ཐམས་ཅས་བསངས། །ལྕོག་ལ་མཚལ་རྩེ་ལ་སོགས་པའི། །ཧོར་ཡུལ་ས་བདག་ཐམས་ཅད་བསངས། །ཡུལ་ལྷ་གཉན་པོ་ལ་སོགས་པའི། །ཡུལ་འདིའི་ས་བདག་ཐམས་ཅད་བསངས། །ཀྱེེ།ལྡོང་ལྷ་ཁྲོམ་ཁྲོམ་ལ་སོགས་པའི། །གདོང་རིགས་སྲིད་པའི་དགྲ་བླ་བསངས། །འགྲུ་མོ་ཕྲོམ་ཕྲོམ་ལ་སོགས་པའི། །འགྲུ་རིགས་སྲིད་པའི་དགྲ་ལྷ་བསངས། །དབྲ་མོ་དབྲ་དཀར་ལ་སོགས་པའི། །དབྲ་རིགས་སྲིད་པའི་དགྲ་བླ་བསངས། །སྒ་མོ་ལེགས་ཕྲོམ་ལ་སོགས་པའི། །སྒ་རིགས་སྲིད་པའི་དགྲ་བླ་བསངས། །དགུ་རྒྱུད་དགུ་སྤྲུལ་ལ་སོགས་པའི། །དགུ་རིགས་སྲིད་པའི་དགྲ་བླ་བསངས། །མཚལ་སྟག་དམར་པོ་ལ་སོགས་པའི། །དབལ་ཟླ་གཉིས་ཀྱི་དགྲ་བླ་བསངས། །སྨན་མི་དབུ་ལ་སོགས་པ་ཡི། །ཡང་མྱེས་བཙུན་རྒན་ཐམས་ཅད་བསངས། །ཡབ་ལྷ་སྡེ་དྲུག་ལ་སོགས་པའི། །མེས་མཚུན་གཉན་པོ་ཐམས་ཅད་བསངས། །རྒྱལ་བུ་འཐིང་གེ་ལ་སོགས་པའི། །ཕ་མཚུན་གཉན་པོ་ཐམས་ཅད་བསངས། །སྟག་ཆས་དཔལ་བུ་ལ་སོགས་པའི། །གྲི་མཚུན་གཉན་པོ་ཐམས་ཅད་བསངས། །དེ་མོ་གངས་དཀར་ལ་སོགས་པའི། །མ་མཚུན་གཉན་པོ་ཐམས་ཅད་བསངས། །དེ་རྣམས་བསངས་བའི་ཡོན་ཏན་གྱིས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །མི་ལ་ན་ཚ་མ་བཏང་ཅིག །ཕྱུག་ལ་གོད་ཁ་མ་བཏང་ཅིག །ཞིང་ལ་བཙའ་སད་མ་བཏང་ཅིག །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །ཅེས་པ་རང་བྱུང་རྡོ་རྗེས་སོག་གི་ཆུ་ལ་ལྕགས་ཟམ་བཙུགས་པའི་དུས་སུ་མཛད་པའོ། སརྦ་མངྒ་ལ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1