ཁྱུང་ཆེན་བརྙན་གླིང་གི་སྒོ་འབྱེད་མཛད་སྒོ་བསྡུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། སྤེལ་དུས། 09-28


རྒན་བློ་བཟང་ལྷུན་གྲུབ་རྡོ་རྗེ་སོགས་ཀྱིས་དར་ཚོན་གཅོད་བཞིན་པ།

སྒོ་བྱང་གི་ཡོལ་བ་འབྱེད་པའི་རྣམ་པ།
        སྤྱི་ཟླ9པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་ཁྱུང་ཆེན་བརྙན་གླིང་གི་སྒྲིག་སྦྱོར་རྟེན་གཞིའི་སྒོ་འབྱེད་མཛད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་ཞིང་ཆེན་རིམ་པའི་དབུལ་སྐྱོར་ཐོན་ལས་ར་བ་ནས་གཟབ་རྒྱས་ངང་སྤེལ། ཐེངས་འདིའི་སྒོ་འབྱེད་མཛད་སྒོའི་སྟེང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་གླིང་གི་སྤྱིའི་ལས་འཛིན་གཞོན་པ་ཟུར་པ་དང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པའི་ལས་འཛིན་དཔོན་གཞོན་པ། ལན་གྲུ་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་སློབ་ཆེན་བཅས་ཀྱི་གདན་ཞུའི་སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་དང་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གློག་བརྙན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བློ་མཐུན་ཞིས་མན་ཧོང། མཚོ་ལྷོ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་བློ་མཐུན་ཀི་བུན་ཅོན། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་བློ་མཐུན་སང་ཁྲིན་ཡེ། ཐུན་ཏེ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྒྱུན་ལས་རྫོང་དཔོན་གཞོན་པ་བློ་མཐུན་ཡོན་ཏན་རྒྱ་མཚོ་སོགས་དངོས་སུ་ཕེབས་ཡོད་པ་དང་། དེ་མིན་རིག་གནས་ཞིབ་འཇུག་པ། གློག་བརྙན་ལས་རིགས་ཀྱི་བློ་མཐུན། སྒྱུ་རྩལ་པ། བོད་ཀྱི་གཞས་པ་གཞས་མ་མང་པོ་བཀྲ་ཤིས་སྐལ་བཟང་གི་ཉིན་མོ་འདིར་གདན་གཅིག་ལ་འཛོམས་ཏེ་དོན་སྙིང་བརྗོད་ལས་འདས་པའི་སྒོ་འབྱེད་མཛད་སྒོའི་སྟེང་དུ་ཕེབས་ཡོད།
 
མཛད་སྒོའི་སྟེང་ཕེབས་པའི་མགོ་ཁྲིད་དང་སྐུ་མགྲོན་ལྷན་རྒྱས།
     ཁྱུང་ཆེན་བརྙན་གླིང་ནི་མི་རིགས་གློག་བརྙན་ཐོན་ལས་དར་སྤེལ་དང་དེའི་ཐད་ཀྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པ་གཙོར་བཟུང་བའི་ཁེ་ལས་ཀྱི་སྡེ་ཞིག་ཡིན་ཏེ། སྒྲ་བརྙན་སྒྱུ་རྩལ་གྱི་ལམ་ནས་མཐོ་སྒང་མི་རིགས་ཀྱི་འཚོ་བའི་གནས་སྟངས་དང་ཤེས་རིག་ཉིང་བཅུད་དེ་ཉིད་འཛམ་གླིང་གི་ཁྱོན་ལ་སྒྲོག་པ་དང་། སྒོས་སུ་གངས་རིའི་ལྗོངས་ཀྱི་སྣོད་བཅུད་ཤེས་རིག་ལས་འཁྲུངས་པའི་ཆོས་ལུགས་དང་ལོ་རྒྱུས། རིག་གནས་དང་སྒྱུ་རྩལ་སོགས་དོན་དང་མཐུན་ཞིང་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱེད་རྒྱུ་དེ་ཡིན་ལ། ལས་རིམ་གྱི་ཐོག་མཐའ་བར་གསུམ་དུ་བོད་རང་གི་རིག་གནས་སྲོག་རྩ་སྲུང་འཛིན་དང་། རིགས་སོ་སོའི་བར་ཕན་ཚུན་རྒྱུས་ལོན་དང་འབྲེལ་འདྲིས་ཡོང་བར་སྐུལ་འདེད་བྱས་ནས། བོད་ཀྱི་གློག་བརྙན་རིག་གནས་དར་སྤེལ་ལ་བརྩོན་པ་ལྷོད་མེད་ཀྱིས་རྒྱལ་སྤྱིའི་འགྲན་རྩོད་སྟོབས་ཤུགས་ལྡན་པའི་རང་སའི་རིག་གནས་ཐོན་ལས་འཛུགས་སྐྱོང་བྱེད་པ་ཞིག་ཡིན། གཞན་ཡང་མིང་དུ་གྲགས་པའི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«གཙང་བོ།»དང«དབུས་ལམ་གྱི་ཉི་མ།»སོགས་ལ་བོད་ཁུལ་དང་རྒྱལ་ནང་། ཐ་ན་རྒྱལ་སྤྱིའི་སྟེང་ནས་ཀྱང་གདེང་འཇོག་ཚད་མཐོན་པོ་བྱས་ཏེ་མིག་སྔའི་བར་དུ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད། 

ཁྱུང་ཆེན་བརྙན་གླིང་གི་ཕྱིའི་བཀོད་པའི་འཆར་འགོད་རི་མོ།

ཁྱུང་ཆེན་བརྙན་གླིང་གི་བརྙན་ཕབ་ལྟེ་གནས། 

ཁྱུང་ཆེན་བརྙན་གླིང་གི་སྒྲིག་སྦྱོར་ལྟེ་གནས།

སྒྲིག་སྦྱོར་ལྟེ་གནས་ཀྱི་ནང་གི་བཀོད་པ།
     ཁྱུང་ཆེན་བརྙན་གླིང་སྒྲིག་སྦྱོར་རྟེན་གཞི་བཙུགས་པ་འདིས་རང་མི་རིགས་ཀྱི་གློག་བརྙན་ལས་རིགས་ལ་སྔ་ན་མེད་པའི་ཐོད་བརྒལ་གསར་བ་ཞིག་བྱུང་བ་མཚོན་ཐུབ་ལ། གློག་བརྙན་ལས་རིགས་ཀྱིས་བོད་ཀྱི་འཚོ་བའི་རུས་རྐང་ལ་ཟུག་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་སྒྲོག་རྒྱུ་དང་སྒོས་སུ་རང་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་ཀྱི་ཉིང་བཅུད་དག་བོད་མི་ཡོངས་ཀྱི་སྤྱན་ལམ་དུ་བཤམས་ཏེ། མ་འོངས་པར་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་ཐད་ལ་ཡང་ཕན་ནུས་ཆེན་པོ་ཐོན་ཐུབ་པའི་ཁར་ཐུན་ཏེ་རང་ས་གནས་ཀྱི་རིག་གནས་ཐོན་ལས་ཡུན་ནས་ཡུན་དུ་འཕེལ་རྒྱས་འགྲོ་རྒྱུ་དང་རིག་གནས་དྲིལ་སྒྲོག་བྱ་རྒྱུའི་ཐད་ལ་ཡང་ནུས་ཆེན་པོ་ཐོན་ཐུབ་པ་གདོན་མི་ཟ། གཞན་ཡང་རྨང་གཞི་འདིའི་སྟེང་ནས་རང་མི་རིགས་ཀྱི་གློག་བརྙན་འཕྲིན་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་ཡང་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ཐོན་ཐུབ་པ་རེད། འ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1