༄༅།། སྨན་རྫས་ཀྱི་གསལ་བཤད་ཡི་གེར་ཁྱོད་ཀྱིས་བལྟ་ཤེས་སམ།

འབྲུག་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 10-08


        སྨན་རྫས་ཀྱི་གསལ་བཤད་ཡི་གེའི་ནང་དུ་སྤྱིར་བཏང་དུ་སྨན་གྱི་མིང་དང་ངོ་བོ། འཕྲོད་མིན། བསྟེན་ཚུལ་དང་བསྟེན་ཚད། ཞོར་སྐྱོན། འཛེམ་བྱ། སྦྲུམ་མ་དང་ནུ་མ་ལྡུད་པའི་དུས་ཀྱི་བུད་མེད་ཀྱི་སྨན་བསྟེན་ཚུལ། སྨན་རྫས་ཀྱིས་ཕན་ཚུན་ལ་ཐེབས་པའི་ནུས་པ། ཚད་གཞི། བསྡུ་ཉར། གོ་ཆོད་པའི་དུས་ཡུན། ཆོག་མཆན་ཡི་གེ། ཐོན་སྐྱེད་ཁེ་ལས་སོགས་ཡོད་པས། བལྟས་ན་རྙོག་འཛིང་ཡིན་མོད། འོན་ཀྱང་སྨན་བསྟེན་སྐབས་ཀྱི་བདེ་འཇགས་ལ་མཚོན་ན་ཧ་ཅང་གལ་ཆེ།
        སྨན་རྫས་ཀྱི་གསལ་བཤད་ཡི་གེའི་ནང་དུ་གཟབ་བྱ་དང་འཛེམ་བྱ། བསྟེན་མི་རུང་བ་བཅས་གསལ་བོར་བཀོད་ཡོད་ལ། དེའི་ནང་གི་འཛེམ་བྱ་ལྟ་བུར་མཚོན་ན། སྨན་བསྟེན་སྐབས་ངེས་པར་དུ་གསལ་བོར་བལྟས་ནས། ཅུང་ཟད་མི་བདེ་བའི་ཚོར་བ་ཡོད་ཚེ། མྱུར་དུ་འཐུང་མཚམས་འཇོག་དགོས་པ་དེ་ཡིན། འཛེམ་བྱ་ལྟ་བུར་མཚོན་ན། སྨན་བསྟེན་སྐབས་ཞོར་སྐྱོན་ངན་པ་ཐོན་ཚེ། རབ་ཡིན་ན་མ་བསྟེན་ན་བཟང་བ་དེ་ཡིན། བསྟེན་མི་རུང་བ་ལྟ་བུར་མཚོན་ནའང་ཞོར་སྐྱོན་ངན་པའི་མཇུག་འབྲས་ཚབས་ཆེན་ཡིན་པས། གཏན་ནས་འཐུང་མི་རུང་བ་དེ་ཡིན། དཔེར་ན། སྨན་རྫས་ཆིན་མེ་སུའུ་མི་འཕྲོད་པའི་མིས་སྨན་དེ་གཏན་ནས་བཀོལ་མི་རུང་ལྟ་བུ་ཡིན།
        སྨན་རྫས་ཀྱི་གསལ་བཤད་ཡི་གེའི་ནང་སྨན་རྫས་བསྡུ་ཉར་བྱེད་སྐབས་བསིལ་སར་འཇོག་དགོས་པ་དང་། བསྡུ་ཉར་བྱེད་སྐབས་དྲོད་གྲངས་ཏུའུ་ཉི་ཤུ་ལས་མི་བརྒལ་བ་དང་། སྨན་རྫས་ལ་ལ་ཞིག་འཁྱག་སྒམ་ནང་བསྡུ་ཉར་བྱེད་དགོས་པ་དང་ཏུའུ་གཉིས་ནས་བཅུའི་བར་ཡིན་དགོས་པ་གསལ་བོར་བཀོད་ཡོད།
        སྨན་རྫས་མང་ཆེ་བ་ཞིག་བསྡུ་ཉར་བྱེད་སྐབས་ཉི་འོད་མི་ཕོག་པ་དང་བརླན་མེད་སར་འཇོག་དགོས། ནུབ་ལུགས་ཀྱི་སྨན་མང་ཆེ་བ་ཞིག་ཉི་འོད་ཕོག་སར་བཞག་ན་ངོ་བོ་འགྱུར་སླ་བ་དང་། ཁྱད་པར་དུ་འཚོ་རྒྱུ་བེ་ཧྲིན་སུའུ་རིགས་དང་སྲིན་འགོག་སྨན་སོགས་ལ་ཉི་འོད་ཕོག་ཚེ་མདོག་འགྱུར་བ་དང་། སྨན་ནུས་ཇེ་ཞན་དུ་གྱུར་ཏེ་གནོད་པ་ཆེན་པོ་ཐོན་སྲིད། སྨན་རྫས་ཧྥུའུ་ཧྥང་ཀན་སོ་ཕེན་ལྟ་བུར་མཚོན་ན་སྨན་སྣོད་ཀྱི་ཁ་དམ་པོར་མ་བརྒྱབ་ཚེ་སྨན་ནུས་ཤོར་སྲིད་པས་སྨན་སྣོད་ཀྱི་ཁ་དམ་པོར་བརྒྱབ་ནས་འཇོག་དགོས། གཞན་ཡང་། བྱིས་པའི་གློ་ལུ་འཇོམས་པའི་སྨན་ཁུའི་རིགས་ཀྱི་སྨན་རྫས་བསིལ་སར་འཇོག་དགོས་མོད། འོན་ཀྱང་འཁྱག་སྒམ་ནང་འཇོག་མི་རུང་། གལ་ཏེ་སྨན་ཁུ་དེ་རིགས་འཁྱག་སྒམ་ནང་བཞག་ན་སྨན་གྱི་ནུས་པར་གནོད་པ་ཐེབས་སྲིད། 
        སྨན་རྫས་མང་པོ་ཞིག་གི་གསལ་བཤད་ཡི་གེའི་ནང་ཁ་ཚ་བའི་ཟས་རིགས་ལ་འཛེམ་དགོས་ཞེས་བྲིས་ཡོད། ཁ་ཚ་བའི་ཟས་རིགས་ནི་ལ་ཅོ་དང་ཕོ་བ་རིས། གོ་སྙོད། སྒ་སྐྱ། སུག་སྨེལ། ཆང་སོགས་ཡིན་ལ། ཁ་ཚ་བའི་ཟས་རིགས་ལས་གཞན་ད་དུང་འཁྱག་ཟས་དང་རྗེན་ཟས་ཀྱི་རིགས་ལའང་འཛེམ་དགོས་པ་བྲིས་ཡོད། གལ་ཏེ་ཕོ་བའི་འཇུ་སྟོབས་ཞན་པ་དང་། གསུས་པ་ན་བ་དང་བཤལ་བ་ཡིན་ཚེ། གོང་གི་ཟས་རིགས་དེ་དག་ཟ་མི་རུང་བ་ཡིན། 
        ཉལ་ཁར་འཐུང་བའི་སྨན་ནི་མ་ཉལ་པའི་སྔོན་གྱི་དུས་ཚོད་སྐར་མ་བཅོ་ལྔ་ནས་སུམ་ཅུའི་ནང་འཐུང་དགོས་ལ། ལྟོ་སྟོང་དུ་འཐུང་བའི་སྨན་ནི་ཟ་མ་མ་ཟོས་སྔོན་གྱི་དུས་ཚོད་གཅིག་དང་ཟས་ཟོས་རྗེས་ཀྱི་དུས་ཚོད་གཉིས་ཀྱི་ནང་འཐུང་དགོས། ཉིན་རེར་ཐེངས་གསུམ་ལ་འཐུང་དགོས་ཞེས་པ་ནི་ཟས་ཐུན་གསུམ་གྱི་སྔ་གཞུག་ཏུ་འཐུང་དགོས་བ་མ་ཡིན་པར་དུས་ཚོད་བརྒྱད་རེའི་བར་དུ་ཐེངས་རེ་འཐུང་དགོས་པ་དེ་ཡིན། ཟས་ཐུན་གསུམ་རེའི་རྗེས་སུ་འཐུང་བ་ནི་ཆེས་རྒྱུན་མཐོང་གི་མི་ལེགས་པའི་སྨན་བསྟེན་ཚུལ་ཡིན། དེ་ལྟར་བྱས་ཚེ་སྨན་ནུས་ལ་ཤུགས་རྐྱེན་ཐེབས་སྲིད། 
        ལྕེ་འོག་ཏུ་འཇོག་པའི་སྨན་ནི་བལྡད་མི་རུང་བ་ཡིན། སྨན་ལྕེ་འོག་ཏུ་བཞག་རྗེས་དུས་ཚོད་སྐར་མ་ལྔ་ཡས་མས་འདུག་དགོས་པ་དང་། དུས་ཚོད་སྐར་མ་བཅུའི་ནང་ཆུ་འཐུང་མི་རུང་། དཔེར་ན། ཞོ་སོན་ཀན་ཡུག་ལྟ་བུ་ནི་སྙིང་གཟེར་གྱི་སྨན་ཡིན་པས། ལྕེ་འོག་ཏུ་འཇོག་པ་ལས་འཐུང་མི་རུང་བ་ཡིན་ལ། སྙིང་གཟེར་ལངས་སྐབས་ལྕེ་འོག་ཏུ་སྨན་རིལ་གཅིག་བཞག་ནས་དུས་ཚོད་སྐར་མ་གཉིས་ནས་ལྔའི་བར་བཞག་ན་སྨན་ནུས་ཐོན་ཐུབ་པ་ལྟ་བུ་ཡིན། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1