འཇུ་ཚེ་རིང་མགོན་པོའི་ཐང་ག་བདམས་བཀོད།

སྐལ་བཟང་ཉི་མས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-09


        居·泽仁贡布,藏族,1966年出生于居氏家族,八岁随其父习画,是勉萨唐卡画派的杰出传承人。

        2011年在家乡道孚县八美镇创立了《图魅》唐卡艺术园地,本着对"培养唐卡绘画家探究新旧唐卡"的职责,接收当地唐卡绘画爱好者为学生,提供住宿且不定期进行免费讲座授课,开展各类画展,对继承和弘扬唐卡绘画艺术做出了贡献。


        བོད་ཀྱི་ཐང་གའི་སྒྱུ་རྩལ་བ་འཇུ་ཚེ་རིང་མགོན་པོ་ནི། སྤྱི་ལོ་1966ལོར་འཇུའི་ཁྱིམ་རྒྱུད་དུ་འཁྲུངས་ཤིང་། ལོ་བརྒྱད་ལོན་པ་ནས་བཟུང་ཡབ་ཀྱི་དྲུང་ནས་ཐང་ག་འབྲི་བའི་ལག་རྩལ་སློབ་མགོ་བརྩམས།

        ཁོ་རང་གི་ཡབ་བསོད་ནམས་རྡོ་རྗེ་ལགས་ནི་ཁམས་དཀར་མཛེས་ས་ཆ་རོང་པ་ཚའི་ཉེ་འགྲམ་གུ་ལུང་དགོན་གྱི་ཞོལ་དུ་ཡབ་མིང་སྟོད་ཕྲུག་དང་ཡུམ་མིང་པད་མ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། བྱིས་པའི་དུས་ནས་ཤེས་བྱ་རིག་གནས་ལ་སྦྱང་བར་མོས་ཤིང་ཆུང་དུས་ནས་གུ་ལུང་དགོན་དུ་ཆོས་ཞུགས་བྱས། རང་ལོ་བཅུ་བཞིའི་ཐོག་དགོན་པའི་སྒྲིག་བཀོད་ལྟར་གྲུ་པ་ཕུར་བུའི་མདུན་དུ་ཕེབས་ཏེ་ལྷ་རིས་དང་དཀྱིལ་འཁོར་གྱི་ཐིགས་རྩ་སོགས་ལ་སྦྱངས་པ་བྱང་ཆུབ་པ་མཛད། ཁོང་གིས་བྲིས་པའི་ལྷ་རིས་དང་། རྡོ་རྐོས་རི་མོ་རྡོ་རྐོས་ཡིག་གཟུགས་སོགས་ཁམས་ཁུལ་གྱི་ས་ཆ་ཁ་ཤས་སུ་ད་ལྟའང་མཇལ་རྒྱུ་ཡོད།

འཇུ་ཚེ་རིང་མགོན་པོས་ནི་ཕ་ཤུལ་བུ་འཛིན་གྱི་དཔེ་ལྟར། ཆུང་དུས་ནས་ཡི་གེ་དང་རི་མོ་ལ་སྦྱངས་པ་བྱས། ཁོའི་ཐང་གའི་སྒྱུ་རྩལ་ནི་བོད་ཀྱི་ཐང་གའི་རི་མོ་སྨན་གསར་ལུགས་ཀྱི་སློབ་དཔོན་གྲུ་པ་ཕུར་བུ་ཚེ་རིང་གི་ལྷ་རིས་སྒྱུ་རྩལ་གྱི་ཕྱག་རྒྱུན་མ་བསླད་པ་དང་། དེའི་མ་ཚད་ཁོ་རང་ལོ་བཅུ་དྲུག་ཐོག མི་ཉག་བྲག་མཁར་དགོན་གྱི་སྤྲུལ་སྐུ་པད་མ་རྡོ་རྗེ་ལགས་ཀྱི་ཐུགས་རྗེས་བསྐྱངས་ཏེ། དཔལ་སྤུངས་དགོན་དུ་སྤྲུལ་པའི་ལྷ་བཟོ་ཐང་ལྷ་ཚེ་དབང་མདུན་དུ་ཀརྨ་སྒར་བྲིས་ཀྱི་ཚོན་མདངས་སྐོར་དང་ལྷ་རིས་མན་ངག་སོགས་ལ་གསན་སྦྱོང་མཛད།

        འཇུ་ཚེ་རིང་མགོན་པོ་ལ་མཚོན་ན། ད་བར་དུ་ཐང་གའི་སྒྱུ་རྩལ་གྱི་ལས་ལ་གཉེར་ཞིང་། དཔེར་ན་1982ལོར་ལྷ་སྒང་ཇོ་བོའི་སྐུ་བརྙན་བཞུགས་པའི་ལྷ་ཁང་གསར་བཞེངས་སྐབས་གཙུག་ལག་ཁང་གི་ལྡེབས་རིས་ཡོངས་རྫོགས་ཁོང་ཕ་བུ་གཉིས་ཀྱིས་བྲིས། སྔ་ཕྱིར་མི་ཉག་མགར་ཐར་བྱམས་པ་གླིང་དང་། མི་ཉག་ཀ་བཞི་དགོན། བེ་རི་གསེར་མཁར་གུ་ལུང་དགོན་སོགས་ཁམས་ཕྱོགས་ཀྱི་དགོན་པ་མང་པོའི་ཐང་ག་དང་ལྡེབས་རིས་སོགས་མང་པོ་འབྲི་མྱོང་བ་མ་ཟད། ཁོས་བྲིས་པའི་ཐང་ག་གང་མང་ཕྱིར་འདྲེན་བྱས་པས། རྒྱལ་ཕྱི་ནང་ཀུན་ཀྱིས་མི་མང་པོས་དགའ་བསུ་དང་བསྟོད་བསྔགས་ཀྱང་གང་མང་ཐོབ་ཡོད། ཁོས་ལོ་ངོ་སུམ་ཅུ་ལྷག་ལ་ཐང་གའི་སྒྱུ་རྩལ་གཉེར་བའི་བརྒྱུད་རིམ་ཁྲོད། བོད་ཀྱི་སྲོལ་རྒྱུན་ཐང་ག་འབྲི་བའི་སློབ་བུ་མང་པོ་གསོ་སྐྱོང་གནང་བ་དང་། སྨན་གསར་ལུགས་ཀྱི་ཁྱད་ཆོས་གཞིར་གཟུང་ནས། བོད་ཀྱི་ཐང་ག་འབྲི་ལུགས་ཆེན་མོ་ལྔ་སོ་སོ་དང་། ད་དུང་རྒྱ་གར་དང་། རྒྱ་ནག་སོགས་ཀྱི་ཆོས་དང་འཇིག་རྟེན་གྱི་བརྗོད་བྱར་གྱུར་པའི་རི་མོའི་སྒྱུ་རྩལ་སོགས་ཀྱི་མཛེས་ཆ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་རང་ཉིད་ཀྱི་རི་མོ་ནང་འདྲེན་བྱས་ཏེ། སྨན་གསར་པའི་ཁྱད་ཆོས་ལྡན་པའི་སྟེང་སྒར་བྲིས་ཀྱིས་ཟུར་བརྒྱན་ཏེ་ཐུན་མོང་མ་ཡིན་པའི་ཐང་ག་འབྲི་ལུགས་ཤིག་རིམ་བཞིན་ཆགས།

        སྤྱི་ལོ་2011ལོར་ཁོས་རང་གི་ཕ་ཡུལ་དཀར་མཛེས་ཁུལ་རྟའུ་རྫོང་དཔལ་སྨད་གྲོང་ཁུལ་དུ། རང་གི་ཡབ་དང་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱིས་གནང་བའི་ལྷ་བྲིས་རི་མོ་རིན་ཐང་གཞལ་དུ་མེད་པའི་ལག་རྩལ་རིག་གནས་དེ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གཏང་ཆེད། དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ནས་འཛམ་གླིང་ཤུལ་བཞག་རིག་གནས་ཅན་དུ་བསྒྱུར་བར་དམིགས་ཏེ་འབད་བརྩོན་ལྷོད་མེད་གྱི་སྒོ་ནས་《ཐོག་མའི་རིག་གནས་ཐང་གའི་སྒྱུ་རྩལ་གླིང་།》ཞེས་པའི་རི་མོ་སྦྱོང་སའི་སློབ་གླིང་ཞིག་གསར་འཛུགས་བྱས། སློབ་གླིང་དེའི་འགན་ནུས་ལ། ཐང་གའི་སྒྱུ་རྩལ་པ་གསོ་སྐྱོང་མཛད་པ་དང་། དུས་ཚོད་ངེས་མེད་དུ་འཆད་ཁྲིད་གནང་བ། འགྲེམ་སྟོན་སྣ་ཚོགས་སྤེལ་བ། ཐང་ག་གསར་རྙིང་གསལ་འབྱེད་བྱེད་པ་སོགས་མང་པོ་ཡོད། སློབ་གླིང་འདིའི་སློབ་མ་དག་གཙོ་བོ་ཡུལ་དེའི་འབྱོར་བ་ཞན་པའི་འབྲོག་ཁུལ་གྱི་བྱིས་པར་ཁ་ཕྱོགས་པ་དེ་དག་ལ་སློབ་རིན་མི་ལེན་པ་དང་འདུག་ས་མཁོ་སྤྲོད་བྱེད་པ་སོགས་ཞབས་ཞུ་ཅི་ནུས་སྒྲུབ་བཞིན་པའོ། །

སྟོན་པ་ཤཱཀྱ་མུ་ནེ།

释迦牟尼佛

སློབ་དཔོན་ཀླུ་སྒྲུབ།


龙树菩萨


ཆོས་ཀྱི་གྲགས་པ། 法称菩萨                                                                                                  ཐོགས་མེད། 无著菩萨 


ཕྱོགས་ཀྱི་གླང་པོ། 陈那菩萨                                                                                                   ཤཱཀྱ་འོད། 释迦光尊者


འཕགས་པ་ལྷ།   圣天菩萨


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1