༄༅།། སྡེ་དགེའི་སྒྲུང་པ་དིལ་ཆུང་དཔལ་ཆེན་གྱི་ངོ་སྤྲོད་མདོར་བསྡུས།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-14


སྒྲུང་པ་དིལ་ཆུང་དཔལ་ཆེན།

དང་པོ། ཐོག་མར་སྒྲུང་ཇི་ལྟར་སྦྱངས་བའི་སྐོར།

        སྒྲུང་པ་དཔལ་ཆེན་ནི་སྤྱི་ལོ་1931ལོར་ཡབ་བསོད་ནམས་རབ་བརྟན་དང་ཡུམ་སྐལ་བཟང་ཚེ་འཚོ་གཉིས་ཀྱི་སྲས་སུ་ཁམས་སྡེ་དགེ་ཨ་ལོ་ཁབ་སྟེང་དུ་སྐུ་འཁྲུངས་ཤིང་། དགུང་གྲངས་ཆུང་དུས་ནས་ཞང་པོ་ཚེ་དབང་རབ་བརྟན་གྱི་མདུན་དུ་བོད་ཡིག་བསླབས་འགོ་བརྩམས་པ་དང་མཉམ་དུ་གཅེན་པོ་དིལ་ཆུང་བློ་ཆོས་ཀྱི་མདུན་ནས་གླིང་སྒྲུང་ཀློག་འདོན་གནང་བ་རེད། སྤྱིར་སྒྲུང་པ་དཔལ་ཆེན་གྱི་ཁྱིམ་རྒྱུད་དུ་བླ་མ་དང་མཁན་ཆེན་མང་པོ་འཁྲུངས་མྱངས་བས་གླིང་སྒྲུང་གི་རིག་གནས་ལ་དོ་སྣང་ཆེན་པོ་གནང་བའི་སྲོལ་ཆགས་ཡོད་པ་དང་། ཆུང་དུས་ནས་ཁྱིམ་དུ་ཡོད་པའི་ཧོར་ཕར་འདུལ་བསམ་པའི་དོན་གྲུབ་ཀྱི་དཔེ་ཆ་བྲིས་མ་དེ་ཐོག་མའི་བོད་ཡིག་ཀློག་འདོན་སྦྱོང་དེབ་བྱས་ཤིང་།དེའི་འཕྲོར་འཁྲུངས་གླིང་མེ་ཏོག་ར་བ་དང་རྟ་རྒྱུགས་ནོར་བུ་ཆ་བདུན། བེ་ར་ལུག་རྫོང་། སྟ ག་གཟིག་ནོར་རྫོང་། ཁ་ཆེ་གཡུ་རྫོང་། མོན་གླིང་གཡུལ་འགྱེད། མི་ནུབ་དར་རྫོང་སོགས་ཉིན་བཞིན་ཀློག་འདོན་བྱས་པས་གླིང་སྒྲུང་ནང་གི་མི་སྣ་དང་ནང་གི་རྣམ་པ་སོགས་བློ་རུ་གསལ་ལེ་ངེས་པར་གྱུར། ཞང་པོ་ཚེ་དབང་རབ་བརྟན་གྱིས་ཆུང་ནས་ཁོང་ལ་གླིང་གེ་སར་རྒྱལ་པོའི་སྒྲུང་དུ་འཇིག་རྟེན་མི་ཡི་འགྲོ་འདུག་སྤྱོད་གསུམ་དང་། དམ་པའི་ཆོས་ཀྱི་གཞི་ལམ་འབྲས་གསུམ་སོགས་ཆོས་འཇིག་རྟེན་གཉིས་ཀྱི་གནས་ལུགས་མ་འདུས་བ་མེད་ཅེས་གསུངས་ནས་གླིང་སྒྲུང་རིག་གནས་འདི་མུ་མཐུད་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་གདམས་པས། གླིང་སྒྲུང་ཀློག་འདོན་དང་ཞིབ་འཇུག་བྱེད་པའི་འདུན་པ་ཇེ་ཟབ་ཏུ་ཕྱིན། ནམ་རྒྱུན་གླིང་སྒྲུང་ཀློག་འདོན་བྱེད་རྒྱུ་ཧ་ཅང་སྤྲོ་ཞིང་ཉིན་དཀར་ལ་རྫི་གྲོགས་དང་སྡེ་མི་དག་ལ་སྒྲུང་བཤད་བྱེད་པ་དང་མཚན་མོ་ཁྱིམ་དུ་ལོག་རྗེས་སྒྲུང་ཡིག་ལག་ཏུ་བཟུང་སྟེ་སྐད་ངག་སྙན་མོས་སྒྲུང་ངག་བཀུག་པའི་འགོ་བརྩམས་བཞིན་ཡོད་ལ། སྐབས་འགར་གཅིག་པུ་མཆོད་མེའི་འོག་ཏུ་སྒྲུང་ཡིག་བཀླགས་ནས་ནམ་གསལ་རབ་ཡང་ཡོད། དབྱར་ཀའི་སྤྱི་དགེ་དང་དགུན་ཁའི་ལོ་གསར་སོགས་དུས་སྟོན་དང་བསྟུན་ནས་གེ་སར་རྒྱལ་པོའི་སྒྲུང་ངག་བཀུག་པ་དང་ཡུལ་མི་རྒན་གཞོན་རྣམས་རྩ་འཛུགས་བྱས་ཏེ་གླིང་སྒྲུང་ལེ་ཚན་དུ་བགོས་ནས་འཁྲབ་སྟོན་ཡང་བྱེ ད་པ་རེད།ཁོང་གིས་གཙོ་བོ་གཅེན་པོ་དིལ་ཆུང་བློ་ཆོས་ཀྱི་མདུན་ནས་སྒྲུང་ངག་སྦྱངས་ཤིང་། གཅེན་པོ་དིལ་ཆུང་བློ་ཆོས་ནི་སྡེ་དགེ་ས་ཁུལ་གྱི་སྐད་གྲགས་ཆེ་བའི་སྒྲུང་པ་དང་རིག་པའི་གནས་བཅུ་ལ་སྤྱན་རྒྱ་ཡངས་བའི་མཁས་ཆེན་ཞིག་ཡིན་ལ། ཁོང་གིས་དཔལ་སྤུངས་སི་ཏུ་པད་མ་དབང་མཆོག་རྒྱལ་པོའི་དྲུང་ཡིག་དང་དཔལ་སྤུངས་དགོན་པའི་མཁན་པོའི་འགན་ཅིག་ཅར་དུ་བཞེས་པ་མ་ཟད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོའི་ཕྱག་ལས་མཛད་དེ་སྐུ་ཚེ་ཧྲིལ་པོར་བོད་ཀྱི་སློབ་མ་གསོ་སྐྱོང་བྱས་ཤིང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བ་བྱེ ད་པའི་སྐྱེས་མཆོག་དམ་པ་ཞིག་ཡིན། ཁོང་གིས་བཀུག་པའི་སྒྲུང་ངག་དེའང་སི་ཏུ་རིན་པོ་ཆེའི་བཀའ་ལྟར་སྤྲུལ་པའི་སྒྲུང་པ་རི་བ་བག་ཡོད་སྤྲུལ་སྐུའི་མདུན་ནས་སྦྱངས་ཤིང་། དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུའི་སྒྲུང་ངག་ཡོད་ཚད་བློ་ལ་ངེས་སྐད་ཡོད། སྒྲུང་པ་དཔལ་ཆེན་ལོ་བཅོ་ལྔ་ཙམ་གྱི་སྐབས་ནས་གཅེན་པོ་བློ་ཆོས་དང་ལྷན་དུ་སི་ཏུ་པད་མ་དབང་མཆོག་གི་སྐུ་མདུན་དུ་གླིང་སྒྲུང་འདོན་སར་ཐེངས་མང་པོ་འགྲོ་མྱངས་ལ། དིལ་ཆུང་གཅེན་གཅུང་གཉིས་ཀྱིས་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་སྐུ་མདུན་དུ་ཧོར་ཕར་འདུལ་བསམ་པའི་དོན་གྲུབ་བཏོན་པས། སི་ཏུ་རིན་པོ་ཆེ་ཐུགས་རབ་ཏུ་མཉེས་ཏེ། བསྔགས་བརྗོད་དང་གསོལ་རས་གྱ་ནོམ་པ་གནང་ཞིང་དུས་རྒྱུན་བོས་ནས་སྒྲུང་ངག་མང་པོ་བཀུག་བཅུག་པ་རེད། དེ་མིན་ད་དུང་སྒྲུང་པ་དཔལ་ཆེན་ལོ་ན་གཞོན་དུས་སྡེ་དགེ་རྒྱལ་པོ་དང་། བྱ་རྒོད་རྣམ་རྒྱལ་རྡོ་རྗེ། གཉེར་ཤུལ་དིལ་མགོ་ཚང་། མདུན་སྐོར་ཇ་ར་དང་ལུག་ར་ཚང་སོགས་ཀྱི་ཁྱིམ་དུ་སྒྲུང་འདོན་སར་ཐེངས་མང་འགྲོ་མྱངས་བ་མ་ཟད། དུས་རྒྱུན་སྒྲུང་ལ་དུངས་པའི་སེར་སྐྱ་མང་པོ་ཞིག་ཁོང་གི་རྩར་ལ་ཡོང་ནས་སྒྲུང་ངག་སློབ་པ་དང་སྒྲུང་བཤད་ལ་ཉན་བཞིན་ཡོད་ལ། དེ་བས་སྡེ་དགེའི་ལྔ་རྒྱལ་ཞིང་ཁམས་སུ་སྙན་པའི་གྲགས་པ་རབ་ཏུ་རྒྱས་པ་རེད། ཁོང་གིས་བཀུག་པའི་སྒྲུང་ངག་གཙོ་བོ་ནི་གེ་སར་ཁྲོམ་ཆེན་ཟིལ་གནོན་དང་གེ་སར་ཚེ་གླུ་འགྱུར་མེད། འབྲུག་མོའི་དགུ་སེང་དྲུག་འགྱུར། རྒྱ་ཚའི་དཀར་མོ་དྲུག་འགྱུར། སྤྱི་དཔོན་དལ་བ་རིང་མ།ོགཡུ་ལྷའི་ཁུ་བྱུག་དྲུག་འགྱུར། འདན་མའི་ཐ་ལ་དྲུག་འགྱུར་སོགས་དཔལ་རྟུལ་སུམ་ཅུའི་གླུ་ངག་རྣམས་རེ་རེ་བཞིན་བྱང་ཆུབ་པ་ངེས་ཤིང་སྒྲ་གདངས་སོགས་གང་ཅིའི་ཐད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་ལྡན། དེ་བས་དིལ་ཆུང་དཔལ་ཆེན་ནི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དང་སྦྱོང་སྟོབས་ཀྱི་བརྩོན་འགྲུས། དེ་མིན་མེས་པོ་དང་གཅེན་པོའི་བཀའ་དྲིན་ལ་བརྟེན་ནས་སྒྲུང་མཁན་ཕུལ་དུ་བྱུང་བ་ཞིག་ཆགས་པ་རེད།

དགེ་རྒན་ཆེན་མོ་ཐུབ་བསྟན་ཐུབ་ཚོགས་དང་མཉམ་དུ་གླིང་སྒྲུང་གི་ངག་རིག་སྒྱུ་རྩལ་གླེང་བཞིན་པ། 

གཉིས་པ། གླིང་སྒྲུང་རྒྱུད་འཛིན་དང་དར་སྤེལ་བཏང་བའི་སྐོར།

        དེ་ཡང་མི་རིགས་སྲིད་ཇུས་གུ་ཡངས་སུ་སོང་བ་དང་སྲོལ་རྒྱུན་རིག་གནས་བསྐྱར་གསོ་བྱེད་པའི་ལས་འགུལ་རབ་དང་རིམ་པ་སྤེལ་བས། སྒྲུང་མཁན་དཔལ་ཆེན་ལའང་གླིང་སྒྲུང་བཤད་པའི་གོ་སྐབས་བསྐྱར་དུ་ཐོབ་ཅིང་། ༡༩༨༠ལོར། ཟི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྡེ་དགེའི་སྒྲུང་པ་དིལ་ཆུང་དཔལ་ཆེན་གཙོ་བོར་བྱས་པའི་སྒྲུང་པ་སྒྲོལ་མ་ལྷ་མཚོ་དང་ཨ་ཉིད་བཅས་ཁྲེང་ཏུའུ་རུ་གདན་འདྲེན་ཞུས་ཏེ། རིན་ཐང་གཞལ་ཐབས་བྲལ་ཞིང་ཐུན་མིན་ཁྱད་ཆོས་ལྡན་པའི་སྒྲུང་ངག་སྒྲ་བཅུག་གི་ལས་ཀ་བགྱིས་ཤིང་། དུས་ཡུན་ཟླ་བ་དྲུག་ཙམ་གྱི་རིང་ལ། རྟ་རྒྱུགས་ནོར་བུ་ཆ་བདུན་དང་། ཧོར་གླིང་གཡུལ་འགྱེད་སྟོད་སྨད་གཉིས་སོགས་སྒྲ་ཕབ་བྱས་པ་དང་། དེར་ཡོད་ཀྱི་འགོ་ཁྲིད་རྣམས་ཐུགས་ཤིན་ཏུ་དགྱེས་ནས་གཟེངས་བསྟོད་དང་བྱ་དགའ་འགངས་ཆེན་གནང་བ་རེད། སྐབས་དེར་དིལ་ཆུང་དཔལ་ཆེན་སོགས་ཀྱིས་བཤད་པའི་གླིང་སྒྲུང་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་རླུང་འཕྲིན་གྱིས་བཏང་བས། བོད་རིགས་ས་ཁུལ་ཡོངས་དང་ཁྱད་པར་དུ་ཁམས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་དིལ་ཆུང་དཔལ་ཆེན་གྱི་མིང་གྲགས་ཀྱང་གངས་ཅན་ལྗོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་རེད། ༡༩༨༤ལོར། ལྷ་སར་འཚོགས་པའི་གེ་སར་སྒྲུང་པའི་འཁྲབ་སྟོན་ཚོགས་འདུ་ཐེངས་དང་པོའི་ཐོག སྒྲུང་པ་དཔལ་ཆེན་ཟི་ཁྲོན་བོད་ཁུལ་གྱི་འཐུས་ཚབ་ངོས་ནས་གདན་འདྲེན་ཞུས་པ་དང་། གླིང་སྒྲུང་འཁྲབ་སྟོན་གནང་བར་མ་ཟད།དམངས་ཁྲོད་དུ་བཤད་རྒྱུན་རིང་བའི་གླིང་གེ་སར་རྒྱལ་པོའི་འཁྲུངས་རབས་དང་། གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་སྐྱིད་སོས་ཡག་གི་ཁ་མདོ་སྟེ།སྡེ་དགེའི་ཨ་ཕྱུག་རྩྭ་ཐང་གི་ངོ་སྤྲོད་རྒྱས་པ་གནང་ཞིང་། དེ་རུ་གླིང་སྒྲུང་དུ་བྲིས་པའི་ཡུལ་ལྗོངས་དང་ཆ་ཡོངས་སུ་མཐུན་པའི་ས་གནས་དང་རྗེས་ཤུལ་དུ་མ་ཞིག་མིག་མཐོང་ལག་ཟིན་དུ་ཡོད་ཚུལ་དང་། འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་མཁར་དངུལ་ཆུ་ཁྲོ་རྫོང་སོགས་སྡེ་དགེའི་ཁུལ་དུ་ཡོད་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་རིག་དངོས་ཤུལ་བཞག་རིན་ཐང་བྲལ་བ་མང་པོ་ངོ་སྤྲོད་གནང་སྟེ། ཉམས་ལ་ཉེ་ཞིང་ཞིབ་འཇུག་གི་རིན་ཐང་བླ་ན་མེད་པའི་དཔྱད་གཞི་རྩ་ཆེན་དུ་མ་མཁོ་འདོན་གནང་བ་རེད། ཁོང་གིས་ད་དུང་ཁབ་སྟེང་གྲོང་ཚོའི་དམངས་བཙུགས་སློབ་ཆུང་གི་དགེ་རྒན་ལོ་མང་གནང་ཞིང་། སྐབས་དེར་སློབ་དེབ་དཀོན་པོ་ཡོད་སྟབས།སྒྲུང་པ་དཔལ་ཆེན་གྱིས་རྟ་རྒྱུགས་དང་། ལྷ་གླིང་གབ་རྩེ་དགུ་སྐོར། འཁྲུངས་གླིང་མེ་ཏོག་ར་བ། ཧོར་གླིང་སྟོད་སྨད་སོགས་སློབ་དེབ་བྱས་ནས། སྔ་རྗེས་སུ་སློབ་མ་དུ་མ་ལ་གླིང་གེ་སར་རྒྱལ་པོའི་སྒྲུང་ངག་བསླབས་ནས་གླིང་སྒྲུང་འཕེལ་རྒྱས་བཏང་བ་དང་། སློབ་མ་མང་པོ་ཞིག་དེང་དུས་གླིང་སྒྲུང་འདོན་མཁན་ལེགས་གྲས་སུ་གྱུར་ཡོད་དེ། དཔེར་ན་སྒྲུང་མཁན་དཔལ་ཆེན་རང་ཉིད་ཀྱི་བུ་བུ་ཁེ་ལྟ་བུ་ལ་མཚོན་ན། ༢༠༡༥ལོའི་ལོ་འགོར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་གདན་ཞུས་ལྟར་རྒྱལ་ས་པེ་ཅིང་དུ་ཕེབས་ཏེ་གླིང་སྒྲུང་སྒྲ་ཕབ་བྱས་ཤིང་འོད་སྡེར་དང་སྤྱིན་ཤོག་སོགས་ལས་ཡོད། གཞན་ཡང་སྒྲུང་པ་དཔལ་ཆེན་གྱི་ཤུགས་རྐྱེན་འོག་ཡུལ་སྡེའི་རྒན་གཞོན་དུ་མ་གླིང་སྒྲུང་འདོན་རྒྱུ་ལ་ཤིན་ཏུ་དགའ་སྟེ་ཕྱུགས་ཟོག་རྫི་རུ་འགྲོ་དང་ནུབ་མོ་དགོང་གྲལ་སྒྲིག་དུས་ཀྱང་གླིང་གེ་སར་རྒྱལ་པོའི་སྒྲུང་བཤད་རེས་བྱས་ནས་སྡོད་བཞིན་ཡོད་ལ། ས་དེ་གའི་མང་ཚོགས་རྣམས་གླིང་གེ་སར་རྒྱལ་པོའི་སྒྲུང་འདོན་རྒྱུར་དགའ་ཞེན་ཆེན་པོ་ཡོད་པ་དང་། ལོ་གསར་སོགས་དུས་ཆེན་གྱི་སྐབས་སུ་སྒྲུང་ངག་བཀུག་པ་དང་སྒྲུང་བཤད་བྱེ ད་པ། དེ་མིན་གེ་སར་སྐོར་གྱི་ཟློས་གར་ཡང་འཁྲབ་སྲོལ་ཡོད། དེ་ནི་སྒྲུང་པ་དཔལ་ཆེན་གྱིས་ས་དེ་གའི་སློབ་མ་ཚོར་གླིང་སྒྲུང་བསླབས་པའི་མཛད་རྗེས་དང་བྲལ་ཐབས་མེད་ལ། ཁོང་གིས་གླིང་སྒྲུང་རྒྱུད་འཛིན་གྱི་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད། ད་ལྟ་ཁོང་དགུང་གྲངས་གྱ་དྲུག་ཙམ་ལ་ཟིན་ཀྱང་སྔར་བཞིན་ཉིན་ལྟར་གེ་སར་སྐོར་གྱི་ཁ་འདོན་བཏོན་ཞིང་ཇ་ཕོར་གོང་འཐུང་ནའང་གེ་སར་གྱི་ཇ་མཆོད་འདོན་པ་དང་། ཡུལ་སྡེ་དང་ཁྱིམ་མཚེས་ཀྱི་གཞོན་ནུ་རྣམས་མཉམ་དུ་བསྡུས་ནས་སྒྲུང་བཤད་བྱེད་པ་དང་སྣང་བ་སྤྲོ་བའི་ངང་ནས་སྒྲུང་ངག་ཀྱང་བཀུག་བཞིན་ཡོད། མདོར་ན་ཁོང་གི་མི་ཚེ་ཧྲིལ་པོར་གེ་སར་སྒྲུང་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ཕུལ་ཞིང་། མ་འོངས་གངས་རིའི་ལྗོངས་སུ་སེང་ཆེན་ནོར་བུའི་དགྲ་འདུལ་གྱི་རྟོགས་པ་བརྗོད་པ་འདི་ཉིད་ཇི་སྲིད་བར་དུ་གནས་པའི་ཐུགས་འདུན་བརྟན་པོར་བཅངས་ཡོད་དོ།།

སྒྲུང་ངག་དཔེ་ཐོགས་ནས་གྱེར་ཁྲིད་བྱེད་བཞིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1