2016ལོའི་དར་མདོའི་མཛའ་གཞས་ཀྱི་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྤེལ་བ།

ཡེ་མིང་གིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 10-24



    སྤྱི་ཟླ་10པའི་ཚེས་22ཉིན་ནས་23ཉིན་གྱི་བར། ད་ལོར་དཀར་མཛེས་ཁུལ་གྱི་དུས་ཆེན་གསུམ་གྱི་ཡ་གྱལ། འཛམ་གླིང་གི་དར་མདོའི་མཛའ་གཞས། དར་མདོའི་མཛའ་གཞས་ཀྱི་འཛམ་གླིང་ཞེས་པ་བརྗོད་གཞི་གཙོ་བོ་བྱས་པའི་2016ལོའི་དར་མདོའི་མཛའ་གཞས་ཀྱི་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་དར་མདོར་སྤེལ།


     ཐེངས་འདིའི་རོལ་དབྱངས་དུས་ཆེན་ནི་སི་ཁྲོན་ཞིང་ཆེན་གྱི་དུས་ཚིགས་བཞིའི་རོལ་དབྱངས་དུས་ཆེན་གྱི་ཡ་གྱལ་ཀྲུང་གོ་དར་མདོའི་མཛའ་གཞས་ཀྱི་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་རེད། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཁྲིད་སྟོན་བྱས་འོག   དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་གཏོང་འཇོག་ཚད་ཡོད་སྤྱི་གཉེར་ཁང་དང་ཁྲེང་ཏུའུ་རིག་གནས་འཕྲིན་སྦྱོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་སོགས་ཀྱིས་སྒྲུབ་འགན་འཁུར་བ་རེད། རོལ་དབྱངས་དུས་ཆེན་གྱི་གོ་རིམ་ཧྲིལ་པོར་གསར་སྐྲུན་རང་བཞིན་དང་ཁྱད་འཕགས་རང་བཞིན། མཚོན་རྟགས་རང་བཞིན། སྣ་མང་རང་བཞིན་དང་ཁྱད་ཆོས་རང་བཞིན་སོགས་ཀྱི་དམིགས་བསལ་ཁྱད་ཆོས་ཡོད་པ་རེད། རོལ་དབྱངས་དུས་ཆེན་གཏོང་བའི་དམིགས་ཡུལ་ནི་རྒྱལ་ནང་གི་རིམ་གྲས་དང་པོ། སིན་ཁྲོན་གྱི་ཆུ་ཚད་མཚོན་ཞིང་མཛེས་སྡུག་གི་དཀར་མཛེས་ཁུལ་དང་དར་མདོའི་ཁྱད་ཆོས་ཀྱི་སྤུས་ལེགས་རོལ་དབྱངས་འདུས་ཚོགས་འཛུགས་གཉེར་བྱེད་པའི་ཆེད་དུ་ཡིན་པ་རེད།


    དེ་དང་ཆབས་ཅིག  ཐེངས་འདིའི་རོལ་དབྱངས་དུས་ཆེན་ནང་ས་ཁོངས་རིག་གནས་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་སྟོན་དང་དར་སྤེལ་བཏང་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་སྐྱོད་ཡག་པོ་བྱུང་བར་སྐུལ་སྤེལ་བྱས་མཐར། བཟའ་བཏུང་ལས་རིགས་དང་མགྲོན་ཁང་།འགྲིམ་འགྲུལ། ཞབས་ཕྱི་ལས་རིགས་སོགས་ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་ཐོན་པས་མ་ཚད། མཛེས་སྡུག་དང་འཆམ་མཐུན། ཡར་རྒྱས། ཡ་རབས། སྒོ་འབྱེད་དང་འཕེལ་རྒྱས་ཀྱི་དར་མདོ་གསར་པ་ཕྱི་ཕྱོགས་སུ་མངོན་སྟོན་བྱས་པ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1